༢༠༡༦ ཟླ་ ༡༢ ཚེས་ ༢༡ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༡༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ནས་གནས་མཇལ་དུ་བཅར་བའི་བོད་མི་རྣམས་ལ་བཀའ་སློབ་སྩལ་དོན། དུས་ད་ལྟ་བར་དུ་བོད་ཅེས་འཛམ་གླིང་འདིའི་ཐོག་གནས་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ནི་བོད་རྒྱ་ཆེ་མི་དམངས་ཀྱི་སེམས་ཤུགས་ལས་བྱུང་བ་དང་། སེམས་ཤུགས་དེ་ཡང་ཧ་ལས་པ་ཞིག་ཡོད། རྒྱ་མིས་དྲག་གནོན་ཤུགས་ཆེ་བྱེད་བཞིན་ཡོད་ཀྱང་། བོད་མི་མང་གི་སྙིང་སྟོབས་དང་། ལྷག་བསམ་འགྱུར་བ་མེད་པར་བསྡད་པར་བརྟེན་འཛམ་གླིང་འདིའི་ཐོག་ཏུའང་དོ་སྣང་ཇེ་ཆེར་འགྲོ་བ་ཞིག་ཡོང་གི་ཡོད། ཁྱེད་རང་ཚོ་བློ་བདེ་པོ་བྱོས། ངོས་རང་ལོ་ངོ་ ༨༡ ལ་སླེབས་ཡོད་ནའང་། གཟུགས་ཁམས་ཧ་ཅང་བདེ་པོ་ཡོད། འབྱུང་འགྱུར་ལོ་ངོ་ཁ་ཤས་ནས་ཏན་ཏན་ང་ཚོ་གཞིས་བྱེས་མཉམ་འཛོམས་ཕལ་ཆེར་ཡོང་ཐུབ་ཀྱི་རེད། ཁྱེད་རང་ཚོ་བློ་བདེ་པོ་བྱས་ནས་སྡོད། གལ་གནད་ཆེ་ཤོས་ལོ་ན་གཞོན་པ་རྣམས་ཀྱིས་སློབ་སྦྱོང་བྱ་རྒྱུ་གལ་གནད་ཆེན་པོ་རེད། དེ་བཞིན་དཔལ་འབྱོར་འདུ་འགོད་བྱ་རྒྱུ་ཡང་གལ་གནད་ཆེན་པོ་ཡིན། དཔལ་འབྱོར་འདུ་འགོད་བྱས་ནས་དངུལ་བྱུང་བ་རྣམས་སྒེར་གྱི་མོ་ཊའི་རིགས་ཉོ་རྒྱུ་དང་། ཁང་པ་རྫིག་པོ་རྒྱག་རྒྱུ་ལྟ་བུའི་ཐོག་ཏུ་གཏོང་བ་མིན་པར་དངུལ་བྱུང་བ་རྣམས་མི་མང་སྐྱོ་པོའི་རིགས་ཀྱི་སློབ་སྦྱོང་གི་ཐོག་ལ་རོགས་རམ་བྱ་རྒྱུ་དང་། སློབ་གྲྭ་འཛུགས་རྒྱུ་དང་། སྨན་ཁང་འཛུགས་རྒྱུ་སོགས་བྱེད་ཐུབ་ན་ཡག་པོ་ཡོང་ངེས་ཡིན། དེར་བརྟེན་དཔལ་འབྱོར་ཡར་རྒྱས་གཏོང་དགོས་པ་ཡིན། དེང་སྐབས་རྒྱ་ནག་གཞུང་གིས་དཔལ་འབྱོར་ཐད་ལྷུག་གཏོང་སྲིད་བྱུས་ཀྱི་འོག་ནས་ཚོང་རྒྱག་རྒྱུ་སོགས་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུའི་གོ་སྐབས་ཤིག་ཡོད་པ་དེ་ངེས་པར་དུ་འཛིན་དགོས་པ་ཡིན།
མདོ་དོན་སྙིང་པོ་གཞོན་སྐྱེས་རྣམས་ལ་སློབ་སྦྱོང་སྤྲོད་རྒྱུ་དང་། མང་ཚོགས་སྤྱི་ཡོངས་ཀྱི་ཐོག་ནས་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུ་སོགས་ཀྱི་ཐོག་ཏུ་ཤུགས་རྒྱག་དགོས། ང་ཚོ་ཚང་མ་ནང་པ་སངས་རྒྱས་པའི་ཆོས་ལ་དད་པ་བྱེད་མཁན་དང་། འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཡིན་སྟབས། ནང་པ་སངས་རྒྱས་པའི་ཆོས་ལ་དད་པ་ཙམ་མིན་པར་གང་ཐུབ་ཀྱིས་སློབ་སྦྱོང་བྱེད་དགོས་པ་ཡིན། སངས་རྒྱས་དཀོན་མཆོག་དང་། ཆོས་དཀོན་མཆོག དགེ་འདུན་དཀོན་མཆོག་ཅེས་པ་དེ་དག་གང་འདྲ་ཞིག་ཡིན་པ་དེ་དག་ཡག་པོ་ཞིག་ཤེས་པར་བྱས། ཡེ་ཤུའི་ཆོས་ལུགས་དང་། ཁ་ཆེའི་ཆོས་ལུགས་རྣམས་ཡག་པོ་རེད། ཆོས་ལུགས་གཞན་རྣམས་ཀྱིས་འཇིག་རྟེན་བཀོད་པ་པོས་ཁས་ལེན་བཞིན་ཡོད། ཆོས་ལུགས་གཞན་གྱི་སྟོན་པ་དང་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཁྱད་པར་གང་དག་ཡོད་མེད་རྣམས་ཤེས་པར་བྱེད་དགོས། དེ་ལྟ་བུའི་ཐོག་ནས་སྐྱབས་འགྲོ་སེམས་བསྐྱེད་འདོན་པ་དང་། སངས་རྒྱས་ཆོས་ཚོགས་མའི་ཐོག་ནས་སྐྱབས་འགྲོ་དང་སེམས་བསྐྱེད་རྣམས་བསམ་བློ་ལེགས་པར་འཁོར་བ་བྱེད་དགོས། དེ་ལྟ་བུའི་ཐོག་ནས་གཟུངས་སྔགས་མཎི་ཡིག་དྲུག་སོགས་བགྲང་ན་ཕན་ཐོགས་ཧ་ཅང་ཡག་པོ་ཡོང་གི་རེད། རྒྱ་ནག་གཞུང་གིས་དམ་དྲག་ཧ་ཅང་ཤུགས་ཆེན་པོ་བྱེད་ཀྱི་ཡོད་སྟབས། ཁྱེད་རང་ཚོ་དུས་འཁོར་དབང་ཆེན་སྐབས་སྡོད་ཐུབ་ཀྱི་མེད་སྟབས། སེམས་འཁྲལ་གཏན་ནས་མ་བྱེད་ཨང་། བོད་ཟླ་བཅུ་གཅིག་པའི་ཚེས་ ༡༣ ནས་ ༡༥ བར་དུས་འཁོར་དབང་ཆེན་དངོས་གཞི་འཁེལ་གྱི་ཡོད། སྐབས་དེར་ཁྱེད་རང་ཚོས་སྨོན་ལམ་ཡག་པོ་བརྒྱབ། ངོས་ཀྱིས་རྡོ་རྗེ་གདན་ནས་ཁྱེད་རང་ཚོ་དབང་འོག་ཏུ་བཅུག་ནས་སྨོན་ལམ་རྒྱག་གི་ཡིན། ཏན་ཏན་དབང་ཐོབ་ཀྱི་རེད། ཅེས་བཀའ་སློབ་སྩལ།། །།