༢༠༡༦ ཟླ་ ༡༢ ཚེས་ ༡༢ རེས་གཟའ་ཟླ་བ།
༄༅།།ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༡༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉིན་གུང་ལྗགས་སྨིན་གྲུབ་མཚམས་མྱ་ངན་མེད་གསོལ་མགྲོན་ཁང་དུ་ Ashoka Hotel ཆིབས་སྒྱུར་བསྐྱངས་ནས་ཊུ་ཤི་ཏ་སྒོམ་སྒྲུབ་བསྟི་གནས་ཁང་ Tushita Meditation Centre གིས་གོ་སྒྲིག་འོག་དུས་སྟོན་མཛད་སྒོ་ཞིག་ཚོགས་པ་དེར་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས་ཁུལ་དེར་༸ཞབས་སོར་མཚམས་བླ་མ་བཟོད་པ་རིན་པོ་ཆེ་མཆོག་དང་བསྟི་གནས་ཁང་གི་འགན་འཛིན་ལྕམ་སྐུ་རེ་ནི་ཀ་སིངྒ་ Renuka Singh ལགས་སོགས་འབྲེལ་ཡོད་ཁག་གཅིག་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག
དེ་རྗེས་༸གོང་ས་མཆོག་གིས་ཨ་རུ་ན་ཝ་སུ་དེབ་ Aruna Vasudev ལགས་ཀྱིས་ཕྱོགས་སྒྲིག་འདོན་སླེལ་གནང་བའི་གུ་རུ་མཚོ་སྐྱེས་རྡོ་རྗེ་དང་། མོ་ཧི་ནི་ནུན་ Mohini Noon ལགས་ཀྱིས་ཕྱོགས་སྒྲིག་གནང་བའི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་སྐོར་གྱི་དཔེ་དེབ་གཉིས་དབུ་འབྱེད་མཛད། དེ་རྗེས་ཚོགས་བཅར་བ་རྣམས་ལ་འགྲོ་བ་མི་རིགས་གཅིག་གྱུར་དང་ཆོས་ལུགས་མཐུན་སྒྲིལ། དེ་བཞིན་བོད་བརྒྱུད་ནང་བསྟན་སྲུང་སྐྱོབ་དར་འཕེལ་མཛད་རྒྱུ་མ་ཟད། མགོན་པོ་གང་ཉིད་མཆོག་བོད་མི་ཞིག་ཡིན་པའི་ངོས་ནས་བོད་ཀྱི་ཆོས་དང་རིག་གཞུང་། ཁོར་ཡུག་དང་བཅས་པ་སྲུང་སྐྱོབ་མཛད་རྒྱུའི་ཐུགས་འགན་ཡོད་དང་པ། ཕྱོགས་མཚུངས་མགོན་པོ་གང་ཉིད་མཆོག་གིས་འདས་པའི་མི་ལོ་ ༣༠ རིང་དེང་དུས་ཚན་རིག་པ་གྲགས་ཅན་ཁག་གཅིག་དང་ལྷན་བགྲོ་གླེང་མཛད་པའི་བརྒྱུད་རིམ་སྐོར་བཀའ་སློབ་སྩལ་བ་དང་འབྲེལ། ཚན་རིག་པ་ཚོས་བརྟག་དཔྱད་ཀྱི་ལམ་ནས་གཞི་རྩའི་མིའི་རང་བཞིན་བྱམས་བརྩེ་ལྡན་པ་ཡིན་སྐོར་ཤེས་རྟོགས་ཐུབ་ཚུལ། དེང་སྐབས་སྤྱི་ཚོགས་ནང་དཀའ་ངལ་མང་པོ་ཞིག་མིས་བཟོས་པའི་དཀའ་ངལ་ཡིན་སྟབས་དཀའ་ངལ་དེ་དག་སེལ་ཐབས་དང་སེལ་ཐུབ་པའི་ནུས་པ་དེ་ཡང་མི་ལ་ཡོད་པ་དང་། དུས་རབས་ ༢༡ འདི་དེ་སྔ་དུས་རབས་ ༢༠ ནང་བཞིན་འཚེ་བའི་དུས་རབས་མུ་མཐུད་ནས་འགྲོ་རྒྱུ་ལས་ལྡོག་སྟེ་འཚེ་མེད་ཞི་བ་འི་དུས་རབས་ཤིག་བཟོ་ཐབས་ཆེད་ཚང་མས་འབད་བརྩོན་གནང་གལ་ཆེ་སྐོར་དང་།
དེ་བཞིན་ནང་པའི་དགེ་སློང་ཞིག་ཡིན་པའི་ངོས་ནས་༸གོང་ས་མཆོག་གིས་རྒྱ་གར་གནའ་རབས་སྲོལ་རྒྱུན་ནས་དར་བའི་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་ངང་གནས་རྒྱུ་མ་ཟད། ཆོས་ཁས་ལེན་མི་བྱེད་མཁན་ཚོ་ལའང་གུས་བཀུར་ཞུ་དགོས་པའི་ལམ་སྟོན་མཛད།
མཐའ་མ་དེར་༸གོང་ས་མཆོག་བོད་མི་ཞིག་ཡིན་པའི་ཆ་ནས་དེ་སྔ་ཕྱི་ལོ་ ༢༠༡༡ སྔོན་ཆབ་སྲིད་ཀྱི་ཐུགས་འགན་བཞེས་ཡོད་ཀྱང་ད་ཆ་བོད་མིའི་ཆོས་ཕྱོགས་ཁོ་ནའི་དབུ་ཁྲིད་ལས་ཆབ་སྲིད་ཀྱི་དབུ་ཁྲིད་ནས་བགྲེས་ཡོལ་ཆ་ཚང་ཞུ་གནང་མཛད་ཟིན་སྟབས། བོད་བརྒྱུད་ནང་བསྟན་འཛིན་སྐྱོང་སྤེལ་གསུམ་མཛད་ཆེད་དང་གཞན་ཡང་མཐོ་སྒང་བོད་ཀྱི་ཁོར་ཡུག་ཉམས་ཆགས་འགྲོ་བཞིན་པ་དེར་ཛ་དྲག་སྲུང་སྐྱོབ་མཛད་རྒྱུར་ཐུགས་བརྩོན་མཛད་བཞིན་ཡོད་སྐོར་བཀའ་སློབ་སྩལ་བ་དང་སྦྲགས།
ཕྱི་ཉིན་མགོན་པོ་གང་ཉིད་མཆོག་རྒྱ་གར་ལྷོ་ཕྱོགས་སུ་ཆིབས་སྒྱུར་བསྐྱངས་ཏེ་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་ཐོག་ཆེད་ཐོག་མ་ཡིན་པ་བཙུན་མ་རྣམས་ལ་དགེ་བཤེས་མའི་ཕྱག་ཁྱེར་གསོལ་སྩལ་མཛད་རྒྱུ་ཡིན་སྐོར་སོགས་བཀའ་སློབ་སྩལ་བསྟུན། ཚོགས་བཅར་བའི་དྲི་བ་རྣམས་ལ་བཀའ་ལན་སྩལ། དེ་རྗེས་བླ་མ་བཟོད་པ་རིན་པོ་ཆེ་མཆོག་གིས་༸གོང་ས་མཆོག་ལ་ཐུགས་རྗེ་ཆེ་ཞུས་འདུག
བསྟི་གནས་ཁང་དུ་མཛད་འཕྲིན་ཡོངས་སུ་ལེགས་གྲུབ་རྗེས་༸གོང་ས་མཆོག་རྒྱ་གར་གྱི་སྲིད་འཛིན་ཕོ་བྲང་ Rashtrapati Bhavan དུ་ཆིབས་སྒྱུར་བསྐྱངས་ཡོད་པ་བཅས།།