༢༠༡༦ ཟླ་ ༡༢ ཚེས་ ༢༢ རེས་གཟའ་ཕུར་བུ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་ཡེ་ཤེས་ཀུན་གྲགས་ལགས་ཀྱིས་བཏང་འབྱོར་ནང་འཁོད་དོན། ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༢༡ ཉིན་རྗེ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་པ་ཆེན་པོས་ཕྱག་བཏབ་མཛད་པའི་གདན་ས་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་དྲུག་བརྒྱ་འཁོར་བའི་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོའི་དུས་ཆེན་ཁྱད་པར་ཅན་སྲུང་བརྩི་གཟབ་རྒྱས་ཞུས་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༦ ཐོག་མཁན་ལས་ཟུར་རྣམ་པས་སྤོས་སྣེ་དང་བཅས་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཚོགས་ཕེབས་གདན་འདྲེན་ཞུས་ནས་བཞུགས་ཁྲིར་༸ཞབས་སོར་འཁོད་བསྟུན་མདོ་ལུགས་ཀྱི་བརྟན་བཞུགས་འདེགས་འབུལ་ཞུས་རྗེས་གནས་ཆུང་ཆོས་རྒྱལ་ཆེན་པོ་ཚོགས་དབུས་སུ་སྤྱན་འདྲེན་ཞུས། ཆུ་ཚོད་ ༨ ཐོག་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་གདན་ཟུར་རྣམ་པ་གཉིས་མཆོག་དང་། ཤར་བྱང་ཆོས་རྗེ་རྣམ་གཉིས། འབྲས་སྤུངས་ཁྲི་པ་རིན་པོ་ཆེ། གདན་ས་གྲྭ་ཚང་ཁག་གི་མཁན་བླ་རྣམ་པ། དཔལ་ལྡན་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག བཀའ་ཤག་སྐབས་བཅོ་ལྔའི་ལམ་སྟོན་པ་བཀའ་ཟུར་པདྨ་ཆོས་འབྱོར་མཆོག ཕྱོགས་བཞུགས་སྤྱི་འཐུས་ཁག་གཅིག རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ། ས་གནས་རྫོང་དཔོན། སྐུ་མགྲོན་རྣམ་པ། དགེ་འདུན་དམངས་དང་བཅས་མི་གྲངས་སྟོང་ཕྲག་བརྒལ་བ་འདུ་འཛོམས་ཐོག་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོ་དངོས་གཞི་དབུ་འཛུགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འབྲས་སྤུངས་ཁྲི་པ་རིན་པོ་ཆེ་མཆོག་དང་སྒོ་མང་མཁན་རིན་པོ་ཆེ་མཆོག བློ་གསལ་གླིང་མཁན་རིན་པོ་ཆེ་མཆོག་བཅས་ཀྱིས་སྤོས་སྣེ་དང་བཅས་མཛད་སྒོར་གདན་ཞུས་ཀྱིས་མགོན་པོ་གང་ཉིད་མཆོག་ནས་རྗེ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་པ་ཆེན་པོའི་སྐུ་ཐང་མཐོང་གྲོལ་རིན་པོའི་མདུན་དུ་སྣང་གསལ་སྒྲོན།
དེ་ནས་འབྲས་སྤུངས་ཚོགས་ཆེན་དབུ་མཛད་ཀྱིས་བཀྲ་ཤིས་པའི་ཤིས་བརྗོད་གསུང་བ་དང་། འབྲས་སྤུངས་ཁྲི་པ་རིན་པོ་ཆེ་མཆོག་གིས་རྗེ་འཇམ་དབྱངས་ཆོས་རྗེའི་མཛད་རྣམ་སྙིང་བསྡུས་སྙན་སྒྲོན་དང་རྗེ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་པ་ཆེན་པོས་འབྲས་སྤུངས་དགོན་པ་ཕྱག་བཏབ་ནས་ལོ་དྲུག་བརྒྱ་འཁོར་བའི་རྗེས་དྲན་དེབ་ཐེར་ལྷའི་རྔ་སྒྲ་ཞེས་བྱ་བ་དབུ་འབྱེད་གནང་། དེ་ནས་ཨུ་རུ་སུའི་ཁོངས་ཁལ་མུག་སྤྱི་མཐུན་རྒྱལ་ཁབ་དང་། ཐུ་ཝ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་རྣམ་གཉིས་ནས་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོར་འཚམས་འཕྲིན་འབུལ་གནང་བ་དེ་ཉིད་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་སྒྲོགས་སྦྱང་གནང་རྗེས་ས་གནས་ཀྱི་རྫོང་དཔོན་དང་། ཆོས་རིག་བཀའ་བློན། དཔལ་ལྡན་སྲིད་སྐྱོང་མཆོག དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག། དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་བཅས་ནས་གསུང་བཤད་གནང་གྲུབ་མཚམས་འབྲས་སྤུངས་བླ་སྤྱི་ལྷན་ཁང་ནས་༸གོང་ས་མཆོག་ལ་བཀའ་དྲིན་དྲན་རྟེན་ཆོས་དུང་གཡས་འཁྱིལ་ཞབས་དངུལ་ཟངས་ལས་གྲུབ་པའི་གཟེངས་བསྟོད་ཕུལ།
དེ་རྗེས་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་གི་སྐབས་བཅུ་པའི་ཕྱག་འཁྱེར་བཞེས་མཁན་དགེ་བཤེས་ལྷ་རམས་པ་གྲངས་ ༢༣༥ དང་། སློབ་དཔོན་གྲངས་ ༢༣༩། བཀའ་རམས་པ་གྲངས་ ༣༣༤ བཅས་ལ་ཕྱག་འཁྱེར་གནང་གྲུབ་བསྟུན་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། མཆེད་གྲོགས་རྣམ་པ་ལྷན་རྒྱས་ལ་ཞུ་རྒྱུར། གོང་དུ་གསུང་བཤད་ཁག་མང་པོ་ཞིག་གནང་ཟིན་པ་རེད། གསུང་བཤད་དོན་དང་ལྡན་པ་ཧ་ཅང་ཡག་པོ་གསུང་སོང་། དེར་བརྟེན་རྗེས་སུ་བཤད་མཁན་དེས་གོང་དུ་གསུང་བ་ཁག་ལ་དེ་དེ་བཞིན་ནོ། ཞེས་ཞུ་ན་ཕལ་ཆེར་འགྲིག་མི་ཡོང་ངམ། ངོས་ཀྱིས་འདི་བཤད་འདོད་བྱུང་། དཔེ་ཆ་བལྟས་པའི་དགོས་དོན་གང་རེད། ང་ཚོས་དཔེ་ཆ་བལྟ་རྒྱུ་ནི་མིང་བླང་རྒྱུ་དང་། མཁས་པའི་མིང་ཐོབ་པའི་ཕྱིར་དཔེ་ཆ་བལྟས་པ་མ་རེད། ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་ལམ་བཅས་ལམ་ལྔ་དང་། ཐེག་ཆེན་གྱི་དབང་དུ་བྱས་ན་ས་བཅུ། ལམ་ལྔ་དང་ས་བཅུ་དེ་དག་གཏན་ལ་ཕབ་དགོས་དོན་ནི། ངོ་ཚོ་འདི་ནས་འགྲོ་རྒྱུ་ཡིན། ཞེས་རེད། ད་ལྟའི་ལས་དང་པོ་བ་ཉོན་མོངས་དུག་གསུམ་གྱི་འཆིང་བ་ཀུན་ལྡན་དེ་འདྲ་ཞིག་གིས་ཧ་ལམ་ཉོན་མོངས་པས་ག་བར་འཁྲིད་འཁྲིད་བཟོ་འདྲ་བོ་ཞིག་ཡོད་པ་དང་། ཉོན་མོངས་སྤངས་པའི་གྲལ་བའི་ཡོན་ཏན་སྒོམ་ལམ་རྗེས་སུ་མ་གཏོགས་ཐོབ་རྒྱུ་མེད། དང་པོ་ཐོས་པའི་གོ་བ་མ་ཆགས་ན། བསམ་བློ་གཏང་རྒྱུའི་གཞི་མེད། ཐོས་པས་རྩ་བ་བློར་འཛིན། འགྲེལ་བ་དེ་དག་ཚིག་རེ་རེ་བཞིན་དཔེ་ཁྲིད་དགེ་རྒན་གྱིས་འགྲེལ་བཤད་བསྐྱོན།
གཙོ་ཆེ་ཤོས་ཆོས་རའི་ནང་རྟགས་གསལ་བཏང་ནས་གཏན་ལ་དབབ་དགོས་རྒྱུ་དེ་ལ་དགག་གཞག་སྤང་གསུམ་ཟེར་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད་འདུག གཞན་ལུགས་དགག་པ། རང་ལུགས་གཞག་པ། དེ་ལ་རྩོད་པ་སྤང་བ་དེ་འདྲའི་ཐོག་ནས་ཞིབ་འཇུག་བྱེད་ཡོང་དུས་སེམས་བྱུང་གི་ངེས་པ་ཐོབ་ནས་སེམས་བྱུང་གི་ཤེས་རབ་མཚན་ཉིད་ཚང་བ་སླེབ་པ་ཡིན་ན། ཕལ་ཆེར་རྗེས་དཔག་རེད། དེ་ལྟ་བུའི་སློབ་གཉེར་བྱས་པའི་དོན་དག་ནི་ཚིག་གི་རྗེས་ཟློས་ཙམ་མིན་པ་སེམས་གཏིང་ནས་དངོས་གནས་ཡིད་ཆེས་དང་བློ་ཁེངས་ནས་ཡང་ཡང་སྒོམ་ཡོང་དུས་སྒོམ་བྱུང་གི་ཉམས་མྱོང་སླེབ་པ་ཞིག་ཡོང་གི་ཡོད། དགྲ་ཉོན་མོངས་དུལ་དགོས། སྐབས་རེ་ང་ཚོ་དཔེ་ཆ་ཡག་པོ་ཡོད་ཀྱང་ང་རྒྱལ་དང་ཕྲག་དོག་ཆེན་པོ། རྒྱུ་དངོས་པོ་ལ་དགའ་པོ་དེ་འདྲ་ཡོང་གི་འདུག འདི་སྤྱིར་སློབ་གཉེར་བྱས་ཡོད་ནའང་གཤིས་རྒྱུད་དུལ་བའི་དོན་དུ་མ་སོང་བར་ཉོན་མོངས་ཀྱི་གྲོགས་སུ་ཕྱིན་ཏེ་ང་རྒྱལ་དང་ཕྲག་དོག་སྐྱེ་རྒྱུའི་ཐོག་ནས་ཆོས་ཆོས་སུ་མ་སོང་བར། ཆོས་ཉོན་མོངས་ཀྱི་གྲོགས་སུ་འགྲོ་རྒྱུ་དེ་འདྲ་ཡོང་གི་ཡོད་སྟབས། ང་ཚོ་ཚང་མས་དཔེ་ཆ་བལྟས་པའི་ལག་རྗེས་དེ་རྒྱུད་དུལ་དགོས། རྒྱུད་དུལ་རྒྱུ་ཞེས་པ་ནི། སྨོན་ལམ་བརྒྱབ་ནས་རྒྱུད་དུལ་རྒྱུ་མེད། སྔགས་ཀྱི་གྲངས་ཀ་བསགས་ནས་རྒྱུད་དུལ་རྒྱུ་ཧ་ཅང་ཁག་པོ་རེད། གང་ལྟར་ཆོས་ཆོས་སུ་སོང་བ་ཞིག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། འདི་ཁྱེད་རང་ཚོར་ཞུ་འདོད་བྱུང་། ཅེས་སོགས་ཀྱི་བཀའ་སློབ་སྩལ།།