༢༠༡༦ ཟླ་ ༡༡ ཚེས་ ༢༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༡༩ ཉིན་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་ཨ་རུ་ནཱ་ཅལ་པྲ་དེ་ཤི་ Arunachal Pradesh མངའ་སྡེའི་རྒྱལ་ས་ཨི་ཊ་ན་གར་ Itanagar ནང་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་གི་ལས་ཁུངས་སུ་བཅར་འདུག
སྐབས་དེར་ནང་སྲིད་བཀའ་བློན་མཆོག་གིས་བློན་ཆེན་མཆོག་ལ་མེའོ་དང་ཀྲུ་ཀྲིང་། ཏི་ཛུ། བསྟན་འཛིན་སྒང་བཅས་སུ་གནས་སྡོད་བྱེད་བཞིན་པའི་བཙན་བྱོལ་བོད་མི་རྣམས་ཀྱི་དཀའ་སེལ་སླད་མངའ་སྡེའི་གཞུང་ནས་མཐུན་འགྱུར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་ཡིག་ཅིག་ཕུལ་བ་དང་སྦྲགས། ཕྱི་ལོ་ ༢༠༡༤ བཙན་བྱོལ་བོད་མིའི་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས། ཞེས་པ་རྒྱ་གར་གཞུང་གིས་གཏན་འབེབས་གནང་ཟིན་པའི་སྲིད་བྱུས་དེ་ཨ་རུ་ནཱ་ཅལ་མངའ་སྡེའི་གཞུང་གིས་གང་མགྱོགས་གཏན་འབེབས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུས་འདུག
སྐབས་དེར་སྤྱི་ཁྱབ་བློན་ཆེན་མཆོག་གིས་ཀྲུ་ཀྲིང་ཁུལ་དུ་རོགས་སྐྱོབ་དགོས་གལ་ཆེ་བའི་བོད་མི་ཁྱིམ་ཚང་ ༩༦ གི་གཞིས་ཆགས་བསྐྱར་གསོ་དང་མཐུན་རྐྱེན་སྦྱོར་སྤྲོད་ཐད་བཀའ་ཤག་ལྷན་རྒྱས་སུ་བཀའ་བསྡུར་གནང་སྟེ་ཐག་གཅོད་གནང་རྒྱུ་དང་། དེ་བཞིན་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་གང་མྱུར་ལག་བསྟར་བྱེད་རྒྱུའི་ཁས་ལེན་གནང་འདུག་པར་བརྟེན་མཇལ་འཕྲད་འདི་བཞིན་དོན་སྙིང་ལྡན་པ་ཞིག་བྱུང་འདུག
དེ་རྗེས་ནང་སྲིད་བཀའ་བློན་མཆོག་བྷ་ལུཀ་པོངྒ་ Bhalukpong ཏུ་ཕེབས་ཏེ་འཕགས་བོད་མཛའ་འབྲེལ་ཚོགས་པས་ Bharat Tibbat Sahyog Manch གོ་སྒྲིག་གནང་བའི་རྟ་དབང་གོམ་བགྲོད་ཅེས་པའི་ནང་མཉམ་ཞུགས་གནང་མཁན་ཚོགས་མི་རྣམས་དང་ཐུགས་འཕྲད་གནང་འདུག
ཕྱི་ཚེས་ ༢༡ ཉིན་ནང་སྲིད་བཀའ་བློན་མཆོག་འཕགས་བོད་མཛའ་འབྲེལ་ཚོགས་པས་གོ་སྒྲིག་གནང་བའི་ལྷན་ཚོགས་སུ་མཉམ་ཞུགས་གནང་རྒྱུ་ཡིན་འདུག
ལྷན་ཚོགས་ཀྱི་བརྗོད་གཞི་ནི། རྒྱལ་ཡོངས་ཆིག་སྒྲིལ་གོང་སྤེལ་སླད་རྟ་དབང་ན་གཞོན་གོམ་བགྲོད་ལས་འགུལ་ཞེས་ཡིན་ཞིང་། སྐབས་དེར་བཀའ་བློན་མཆོག་གིས་གསུང་བཤད་གནང་རྒྱུ་དང་། ལྷན་ཚོགས་ཀྱི་སྐུ་མགྲོན་གཙོ་བོ་མངའ་སྡེའི་མེ་འཁོར་བློན་ཆེན་སྐུ་ཞབས་ར་ཇེན་གྷོ་ཧེན་ Rajen Gohain མཆོག་དང་། འཕགས་བོད་མཛའ་འབྲེལ་ཚོགས་པའི་རྐང་འཛིན་པ་སྐུ་ཞབས་ཨིན་དི་རེཤ་ཀུ་མཱར་ Shri Indresh Kumar ལགས། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ National Convener, Core Group for Tibetan Cause ཚོགས་གཙོ་རིན་ཆེན་མཁའ་འགྲོ་ཁིར་མེ་ R.K.Khrimey ལགས་བཅས་ཡིན་འདུག
ནང་སྲིད་བཀའ་བློན་མཆོག་དང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་རྣམ་གཉིས་མཇལ་འཕྲད་གནང་སྐབས་མེའོ་ཆོས་འཕེལ་གླིང་ས་གནས་འགོ་འཛིན་བཀའ་བརྒྱུད་ཆོས་འཕེལ་ལགས་དང་། ཏི་ཛུ་དར་རྒྱས་གླིང་གི་གཞི་འགོ་གཡང་སྒྲུབ་ལགས། ཏི་ཛུ་དར་རྒྱས་གླིང་གི་མཉམ་འབྲེལ་དྲུང་ཆེ་བསྟན་འཛིན་རྣམ་གྲོལ་ལགས་བཅས་ལྷན་བཅར་ཞུས་འདུག
ཕྱི་ཚེས་ ༢༢ དང་ ༢༣ ཉིན་ནང་སྲིད་བཀའ་བློན་མཆོག་འབུམ་ལ་དང་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་སུ་ཕེབས་ཏེ་བོད་མི་རྣམས་དང་ཐུག་འཕྲད་གནང་རྒྱུ་ཡིན་འདུག །