༢༠༡༦ ཟླ་ ༡༡ ཚེས་ ༣ རེས་གཟའ་ཕུར་བུ།
དཔལ་ལྡན་སྲིད་སྐྱོང་མཆོག་གིས་བྷི་བྷི་སི་གསར་འགོད་པའི་དྲི་བར་ལན་འདེབས་གནང་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཨིན་ཇིའི་གསར་འགྱུར་བརྙན་འཕྲིན་ཚན་པ་གྲགས་ཅན་བྷི་བྷི་སིའི་ BBC གསར་འགོད་པ་ཡལ་ད་ཧ་ཀིམ་ Halda Yakim ལགས་ཀྱི་བཅར་འདྲི་དང་ལེན་གནང་ཡོད། དེ་ཡང་ཐོག་མར་གསར་འགོད་པས་ངོ་སྤྲོད་གནང་དོན།
བཙན་བྱོལ་བོད་མིའི་ཆབ་སྲིད་དབུ་ཁྲིད་འབུམ་རམས་པ་བློ་བཟང་སེངྒེ་མཆོག་འདི་ག་རྒྱལ་ས་ལོན་ཌོན་དུ་ཕེབས་ནས། འཛམ་གླིང་གི་ཆབ་སྲིད་དབུ་ཁྲིད་ཚོས་རྒྱ་ནག་དང་འབྲེལ་བ་གནང་སྐབས་བོད་མི་རྣམས་མ་བརྗེད་པ་གནང་རོགས། ཞེས་རེ་སྐུལ་ཞུ་བཞིན་ཡོད་པ་དང་། ཁོང་དེ་རིང་འདི་ག་གསར་ལས་ཁང་དུ་ཕེབས་ཡོད་པར་བརྟེན་འཚམས་འདྲི་ཞུ་རྒྱུ་དང་སྦྲགས། ཐོག་མར་ངས་རྒྱབ་ལྗོངས་ཀྱི་གནས་ཚུལ་གསལ་བཤད་ཞུ་རྒྱུ་ཡིན།
ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གིས་བོད་ནང་དབང་སྒྱུར་བྱས་སྟབས་བོད་གཞུང་བྲོས་བྱོལ་དུ་ཕེབས་ནས་ད་བར་བཙན་བྱོལ་དུ་གནས་མུས་ཡིན། རྒྱ་ནག་གཞུང་གིས་བརྗོད་པ་ལྟར་ན། རྒྱ་ནག་གི་དབང་སྒྱུར་འོག་བོད་ནང་འཛུགས་སྐྲུན་ཡར་རྒྱས་ཧ་ཅང་བཏང་ཡོད། འོན་ཀྱང་ཐོབ་ཐང་རྩོད་ལེན་པ་རྣམས་ལྟར་ན། རྒྱ་ནག་གཞུང་གིས་བོད་མི་རྣམས་ཀྱི་ཐོབ་ཐང་ལ་མུ་མཐུད་བརྡལ་བཤིག་གཏོང་བཞིན་ཡོད་པ་བརྗོད་བཞིན་ཡོད། ངས་ཕྱི་ལོ་ ༢༠༡༤ ལོར་བོད་མིའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་བཅར་འདྲི་ཞུ་སྐབས་ཁོང་གིས་སྐབས་དེར་འབྱུང་འགྱུར་གྱི་གནས་སྟངས་ཐོག་གཟིགས་ཚུལ་ཇི་འདྲ་ཡིན་སྐོར་ངར་བཀའ་ལན་སྩལ་བྱུང་། ཞེས་གསུངས་ནས་གསར་འགོད་པས་སྐབས་དེར་དེ་སྔ་ཕྱི་ལོ་ ༢༠༡༤ ལོར་༸གོང་ས་མཆོག་གིས་གསར་ལས་ཁང་གི་བཅར་འདྲིར་དང་ལེན་མཛད་པའི་བརྙན་འཕྲིན་དུམ་ཚན་ཞིག་བསྟན།
༼བརྙན་འཕྲིན་ནང་།༽
གསར་འགོད་པས། སྐུ་ཉིད་མཆོག་གིས་༸རྒྱལ་མཆོག་སྐུ་ཕྲེང་ ༡༤ ཏཱ་ལའི་བླ་མའི་སྐུ་ཕྲེང་མཐའ་མ་ཡིན་སྲིད་པའི་སྐོར་བཀའ་སློབ་སྩལ་གནང་མཛད་ཡོད། དེ་ལྟར་ན་ཏཱ་ལའི་བླ་མ་སྐུ་ཕྲེང་ ༡༥ ཕེབས་རྒྱུ་མ་རེད་དམ།
༸གོང་ས་མཆོག དེ་ནི་གཙོ་བོ་གནས་སྟངས་ལ་ལྟ་རྒྱུ་རེད། ཏཱ་ལའི་བླ་མའི་བླ་བྲང་རྒྱུན་མཐུད་དང་མ་མཐུད་ཟེར་བ་དེ་བོད་མི་མང་ལ་རག་ལས་ཡོད། ངོས་རང་འབྱུང་འགྱུར་ལོ་གཅིག་གཉིས་ནང་འཆི་འགྲོ་བ་དེ་འདྲ་ཕལ་ཆེར་ཡོང་རྒྱུ་མ་རེད། ད་དུང་ལོ་ ༡༥།༢༠ རིང་འཚོ་ཐུབ་རྒྱུ་རེད། དེའི་ཚེ་དེའི་དུས་ཀྱི་གནས་སྟངས་ལ་དཔག་སྟེ་གལ་ཏེ་ཏཱ་ལའི་བླ་མའི་སྒྲིག་འཛུགས་འདི་དགོས་པ་དེ་ཙམ་མེད་པའི་གནས་སྟངས་ཆགས་པ་ཡིན་ན་རང་བཞིན་གྱིས་མཚམས་ཆད་འགྲོ་རྒྱུ་རེད། མིས་བཟོས་པའི་སྒྲིག་འཛུགས་དེ་དག་ལ་རྟག་བརྟན་གང་ཡང་མེད། ཉིན་གཅིག་མཚམས་ཆད་འགྲོ་རྒྱུ་རེད། ཕོ་མོ་སུ་ཡིན་རུང་གལ་ཏེ་ཏཱ་ལའི་བླ་མ་ལྐུགས་པ་ཞིག་བྱུང་བ་ཡིན་ན། རངཉིད་ལ་མཚན་ཤས་བཟོ་རྒྱུ་རེད། དེ་འདྲ་བྱུང་ན་ཧ་ཅང་བློ་ཕམ་པོ་ཆགས་རྒྱུ་རེད། དེ་ལས་ལོ་ངོ་བརྒྱ་ཕྲག་རིང་ནས་ཡོད་པའི་སྒྲིག་འཛུགས་འདི་ད་ལྟ་གྲགས་པ་ཏོག་ཙམ་ཡོད་པའི་ཏཱ་ལའི་བླ་མའི་དུས་སྐབས་འདིར་མཇུག་བསྡུ་བ་ཡིན་ན་དགའ་རྒྱུ་རེད། ༼བརྙན་འཕྲིན་རྫོགས།༽
གསར་འགོད་པས། ལོ་ངོ་བརྒྱ་ཕྲག་རིང་གི་ཏཱ་ལའི་བླ་མའི་སྒྲིག་འཛུགས་འདི་མཇུག་བསྡུ་སྲིད་པའི་སྐོར་བཀའ་ལན་སྩལ་བ་དེར་ཁྱེད་ལ་བསམ་ཚུལ་ཇི་འདྲ་ཡོད།
སྲིད་སྐྱོང་། ༸གོང་ས་མཆོག་ནི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་དང་ནང་པའི་དགེ་སློང་ཞིག་ཡིན་སྟབས། ཁྱིམ་སྤངས་ནས་ཆོས་ཁོ་ན་དོན་གཉེར་མཛད་མཁན་ཞིག་ཡིན། གནས་སྟངས་འདིའི་ཐོག་ནས་གོང་གི་བཀའ་སློབ་དེར་ང་ཚོས་བསམ་ཤེས་ཞུ་ཐུབ་པ་ཞིག་ཡིན་ནའང་། ཁོང་ནི་བོད་མིའི་དབུ་ཁྲིད་བླ་ན་མེད་པ་ཞིག་ཡིན་སྟབས། ང་ཚོར་སྐུ་ཕྲེང་ ༡༥ དགོས་ངེས་ཡིན། དེར་བརྟེན་བོད་མི་ཚོས་༸རྒྱལ་བའི་ཡང་སྲིད་བྱོན་རོགས་གནང་། ཞེས་འདུན་པ་སྔོན་དུ་བཏང་བའི་ཐོག་ནས་སྨོན་ལམ་འདེབས་དགོས། སྤྱིར་ད་ལྟའི་ཆར་༸གོང་ས་མཆོག་གི་སྐུའི་འཕྲོད་བཞེས་ཧ་ཅང་ལེགས་པོ་ཡོད་ཅིང་། མའོ་ཙེ་ཏུང་དང་ཏིང་ཞའོ་པིང་ལས་སྐུ་ཚེ་རིང་བ་མ་ཟད་ད་ལྟའི་རྒྱ་ནག་དཔོན་རིགས་མང་ཆེ་བ་ལས་སྐུ་ཚེ་རིང་བ་སྐུ་འཚོ་བཞུགས་མཛད་རྒྱུ་རེད།
གསར་འགོད་པ། རྒྱ་ནག་གཞུང་གིས་དབང་སྒྱུར་བྱས་པའི་ཏཱ་ལའི་བླ་མ་སྐུ་ཕྲེང་ ༡༥ ཡིན་ཟེར་བ་ཞིག་བདམས་པ་ཡིན་ན། བོད་མི་ཚོའི་མ་འོངས་མདུན་ལམ་གྱི་གནས་སྟངས་ཇི་འདྲ་ཆགས་རྒྱུ་ཡིན་ནམ།
སྲིད་སྐྱོང་། བྱུང་རབས་ལོ་རྒྱུས་ལ་ཕྱིར་བལྟས་ཤིག་གནང་བ་ཡིན་ན། ད་ལྟའི་སྐུ་ཕྲེང་འདི་ཉིད་ཁྱད་དུ་འཕགས་པ་ཞིག་བྱུང་ཡོད་པ་མ་ཟད། ༸རྒྱལ་བའི་ཡང་སྲིད་སྐུ་ཕྲེང་ ༡༥ མཆོག་ཀྱང་དེ་མཚུངས་ཁྱད་དུ་འཕགས་པ་ཞིག་བྱོན་རྒྱུ་ཡིན་པར་ངོས་ལ་ཡིད་ཆེས་གཙང་མ་ཡོད། དེར་བརྟེན་བོད་མི་སྤྱི་དང་ལྷག་པར་བོད་བརྒྱུད་ནང་བསྟན་གྱི་རྗེས་འབྲང་པ་ཚོར་སྐུ་ཕྲེང་ ༡༥ བྱོན་སྐབས་སྐུ་གཞོན་ནུའི་དུས་ནས་བསླབ་པ་སློབ་གཉེར་གསན་བསམ་མཛད་ཕྱོགས་དང་། དབང་ལུང་མན་སྔགས་སོགས་མཐོང་བ་བརྒྱུད་པའི་ཕྱག་ལེན་རྣམས་བུམ་པ་གང་ཇོའི་ཚུལ་དུ་གསན་བཞེས་མཛད་ནས། བསྟན་འགྲོའི་བྱ་བ་འཕྲོ་སྐྱོང་མཛད་ཐུབ་པ་ཞིག་ཡོང་ཐུབ་པ་བྱ་རྒྱུའི་འགན་ཡོད། སྐུ་ཕྲེང་ ༡༥ མཆོག་ཀྱང་འཛམ་གླིང་དབུ་ཁྲིད་ཅིག་ཆགས་རྒྱུ་མ་ཟད། བོད་ནང་དུ་བོད་མིའི་གཞི་རྩའི་རང་དབང་སླར་གསོ་མཛད་མཁན་ཞིག་བྱོན་རྒྱུ་རེད།
གསར་འགོད་པ། དེང་སྐབས་རྒྱལ་སྤྱིའི་སྟེང་རྒྱ་ནག་གི་སྟོབས་ཤུགས་དང་དཔུང་ཤེད་ཧ་ཅང་ཆེ་བར་བརྟེན། བོད་མིའི་རང་དབང་ཙམ་མ་ཟད། བོད་མིའི་ངོ་བོ་ཡང་རྩ་བརླག་ཏུ་འགྲོ་རྒྱུའི་ཉེན་ཁའི་སྒང་བསླེབས་ཡོད།
སྲིད་སྐྱོང་། འདི་བདེན་པ་རེད། རྒྱ་ནག་གི་མཐར་ཐུག་དམིགས་ཡུལ་འདི་བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་རྒྱུ་དང་བོད་རིགས་རྣམས་རྒྱ་མི་རིགས་སུ་བསྒྱུར་རྒྱུ་དེ་རེད། འདི་ནི་ཁོ་པ་ཚོའི་དམིགས་ཡུལ་མཐར་ཐུག་ཡིན་སྟབས་བོད་མི་རིགས་རིག་གཞུང་དང་བཅས་པ་རྩ་མེད་དུ་གཏོང་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད། འོན་ཀྱང་བོད་མིའི་སྤྱི་ཚོགས་ཀྱི་དཔལ་ཡོན་ནི་གནའ་རབས་ནས་བྱུང་བ་ཞིག་ཡིན པ་དང་། བོད་མི་རིགས་ཀྱི་ངོ་བོ་དེ་བོད་ཀྱི་ཆོས་དང་རིག་གཞུང་ལ་འབྲེལ་བ་གཏིང་ཚུགས་པ་ཞིག་ཆགས་ཡོད། བོད་མི་རྣམས་རང་གི་ཐུན་མིན་རིག་གཞུང་དང་མི་རིགས་ཀྱི་ངོ་བོར་སྤོབས་པ་བྱེད་བཞིན་ཡོད། དེར་བརྟེན་བོད་མི་རྣམས་མཐོ་སྒང་བོད་ཀྱི་ས་སྟེང་ཐོག་ཇི་སྲིད་ནམ་གནས་ཀྱི་བར་དུ་གནས་རྒྱུ་རེད། ལོ་ངོ་ ༦༠ རིང་རྒྱ་ནག་གཞུང་གིས་བོད་ཀྱི་དགེ་བཙུན་རྣམས་ཀྱི་དགོན་སྡེ་གྲྭ་ཚང་དང་། ལྷ་ཁང་བརྒྱ་ཆ་ ༩༨ རྩ་མེད་བཏང་བ་མ་ཟད།
ཕྱི་ལོ་ ༡༩༦༠ ནང་བོད་མི་གྲྭ་བཙུན་བརྒྱ་ཆ་ ༩༩.༩ བཙན་དབང་འོག་སྐྱ་སར་ཕབ་ཡོད། ད་ལྟ་ལོ་ངོ་ ༦༠ རྗེས་ཕྱིར་ལྟ་བྱེད་སྐབས་བོད་ནང་དུ་དགོན་སྡེ་གཙོ་གྲས་ཁག་ཕལ་མོ་ཆེ་སྐྱར་གསོ་བྱས་པ་དང་དགེ་བཙུན་སྟོང་ཕྲག་མང་པོས་མུ་མཐུད་ནང་ཆོས་སློབ་གཉེར་གནང་བཞིན་ཡོད། རྒྱ་ནག་གཞུང་གིས་ལོ་ངོ་ ༦༠ རིང་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་བཟོ་རྒྱུའི་སྲིད་བྱུས་དེ་འདྲ་ཞིག་ལག་བསྟར་བྱས་ཡོད་ཀྱང་། དེང་སྐབས་བོད་ནང་བོད་ཀྱི་ཆོས་དང་རིག་གཞུང་སླར་གསོ་ཡོང་བཞིན་ཡོད། དཔེར་ན་གསེར་རྟ་བླ་རུང་སྒར་ལྟ་བུར་མཚོན་ན་ཁྱེད་ཀྱིས་མཁྱེན་རྒྱུ་རེད། དགོན་པ་དེར་བོད་བརྒྱུད་ནང་བསྟན་ལ་སློབ་གཉེར་གནང་མཁན་གྲྭ་བཙུན་ཁྲི་གཉིས་ཙམ་ཡོད་པ་མ་ཟད། བོད་རིགས་མི་སྐྱ་དང་རྒྱ་རིགས་ནང་པ་སྟོང་ཕྲག་མང་པོས་སློབ་གཉེར་གནང་བཞིན་ཡོད། འོན་ཀྱང་ད་ཆ་རྒྱ་ནག་གཞུང་གིས་བླ་རུང་སྒར་གྱི་གྲྭ་ཤག་ཁག་གཅིག་གཏོར་བཤིག་གཏོང་བཞིན་ཡོད། ལས་འགུལ་དེ་ཕྱི་ལོ་ ༢༠༠༡ ལོར་འགོ་འཛུགས་བྱས་པ་མ་ཟད། དེང་སྐབས་སླར་ཡང་གཏོར་བཤིག་གི་ལས་འགུལ་མུ་མཐུད་སྤེལ་བཞིན་ཡོད། ཉེ་ལམ་བཙུན་མ་གསུམ་གྱིས་རང་ཤི་བརྒྱབ་པའི་གནས་ཚུལ་བྱུང་ཡོད། གལ་ཏེ་ཁྱེད་ཀྱིས་ཡུ་ཊུབ་བསྔོག་པ་ཡིན་ན་རྒྱ་ནག་གཞུང་གིས་བླ་རུང་སྒར་གྱི་དགེ་འདུན་པ་དང་བཙུན་མ་ཧ་ཅང་མང་པོ་བཙན་དབང་འོག་སྣུམ་འཁོར་ནང་སོ་སོའི་ཕ་ཡུལ་དུ་ཕྱིར་བརྫངས་བཞིན་ཡོད།
གསར་འགོད་པ། རྒྱལ་སྤྱིའི་དབུ་ཁྲིད་ཚོར་རྒྱ་ནག་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་སྟབས། ཁོང་ཚོས་བོད་མིའི་དཀའ་སྡུག་ལ་བསམ་ཤེས་བྱ་རྒྱུ་ཡིན་ནམ།
སྲིད་སྐྱོང་། དེང་སྐབས་རྒྱལ་སྤྱིའི་ཐོག་རྒྱ་ནག་གི་དམག་ཤུགས་དང་ཆབ་སྲིད། དཔལ་འབྱོར་གྱི་ཤུགས་རྐྱེན་ཆེན་པོ་ཡོད་པ་ཤེས་ཀྱི་ཡོད། བློ་ཕམ་པ་ཞིག་ལ་དེང་སྐབས་རྒྱལ་སྤྱིའི་དབུ་ཁྲིད་ཚོས་བཟང་སྤྱོད་ཀྱི་རིན་ཐང་ལས་དངུལ་དང་དཔལ་འབྱོར་གྱི་ཁེ་ཕན་ཐོག་དོ་སྣང་མང་བ་བྱེད་བཞིན་ཡོད། འདི་ནི་བློ་ཕམ་གྱི་རང་བཞིན་ཞིག་རེད།
གསར་འགོད་པ། རྒྱལ་སྤྱིའི་དབུ་ཁྲིད་ཚོས་གལ་ཏེ་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་ཞུས་པའམ། བོད་ཀྱི་གནད་དོན་གླེང་བ་ཡིན་ཚེ་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་འབྲེལ་ལམ་ཐོག་དམ་བསྒྲགས་བཀག་སྡོམས་བྱས་ནས་ཁ་ཡ་མ་བྱས་པར་འཇོག་བཞིན་ཡོད།
སྲིད་སྐྱོང་། ངོས་ཀྱིས་ཤེས། ༸གོང་ས་མཆོག་ནི་འཛམ་གླིང་ནང་དགའ་མོས་ཆེ་ཤོས་དང་གུས་བཀུར་ཆེ་མཐོང་ཆེ་ཤོས་ཞུ་ཡུལ་གྱི་དབུ་ཁྲིད་གཅིག་ཆགས་ཡོད། བསམ་ཤོག་བསྡུས་པའི་གྲངས་ཐོ་ཁག་གཅིག་ནང་༸གོང་ས་མཆོག་ནི་འཛམ་གླིང་ཁྱོན་ཡོངས་ནང་སྙན་གྲགས་ཆེ་ཤོས་ཀྱི་དབུ་ཁྲིད་གྲས་ཤིག་ལ་ངོས་འཛིན་ཞུས་ཡོད། ཕྱི་ལོ་ ༢༠༡༡ ལོར་༸གོང་ས་མཆོག་གིས་བོད་མིའི་ཆབ་སྲིད་དབུ་ཁྲིད་ནས་རྒན་ཡོལ་ཆ་ཚང་ཞུས་ཟིན་སྟབས་ད་ལྟའི་ཆར་ཁོང་ཆོས་ཕྱོགས་རྐྱང་པའི་དབུ་ཁྲིད་ཆགས་ཡོད། དཔེར་ན་ཡེ་ཤུའི་བླ་ཆེན་པོབ་ལྟ་བུ་ཡིན། དེར་བརྟེན་འཛམ་གླིང་དབུ་ཁྲིད་རྣམ་པས་ཁོང་གདན་འདྲེན་ཞུས་ནས་མཇལ་ཁ་དང་སྦྲགས། ཁོང་གི་སྐུ་དྲུང་ནས་བློ་སྐྱེད་ཕྲན་བུ་བླང་ཐབས་གནང་དགོས། སྟབས་མ་ལེགས་པ་ཞིག་ལ་དེ་ལྟར་ཡོང་གི་མེད། ཨིན་ཡུལ་དང་ཡུ་རོབ་སྤྱི་མཐུན་ཚོགས་པའི་རྩ་ཁྲིམས་ལྟ་བུ་དང་། གཞན་ཡང་འཛམ་གླིང་གི་རྒྱལ་ཁབ་གཞན་ཁག་གིས་མང་གཙོའི་རིན་ཐང་དང་འགྲོ་བ་མིའི་ཐོབ་ཐང་སྐོར་དུས་རྟག་ཏུ་གསུང་བཞིན་ཡོད་ཀྱང་། རིན་ཐང་དེ་དག་ཐོག་དངོས་སུ་ལག་བསྟར་གནང་རྒྱུའི་གོ་སྐབས་ཐོབ་ཚེ་ཁོང་རྣམ་པས་༸གོང་ས་མཆོག་དང་མཇལ་འཕྲད་ཞུ་རྒྱུར་གཡོལ་བཞིན་ཡོད། དེར་བརྟེན་མང་གཙོའི་རིན་ཐང་དང་འགྲོ་བ་མིའི་ཐོབ་ཐང་གཞི་རྩར་བཟུང་ནས་བཙུགས་པའི་རྒྱལ་ཁབ་དེ་དག་གི་ཞལ་ནས་གསུང་པ་དང་ངོ་ཐོག་ལག་ལེན་གཉིས་པོ་འགལ་ཟླར་གྱུར་བཞིན་ཡོད། འདི་ནི་ཧ་ཅང་བློ་ཕམ་གྱི་གནས་ཤིག་རེད།
གསར་འགོད་པས། ཐུགས་རྗེ་ཆེ།།