༢༠༡༦ ཟླ་ ༡༡ ཚེས་ ༢༨ རེས་གཟའ་ཟླ་བ།
༄༅། །ཞིང་གཤེགས་དམ་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཚ་མོ་ཉི་མ་ལྷ་མོ་ལགས་དེང་སྐབས་ཡུ་རོབ་གྲོས་ཚོགས་ཀྱིས་གཙོས་རྒྱལ་ཁབ་འགའ་ཤས་ནང་ཞུ་གཏུག་གི་ལས་འགུལ་སྤེལ་མུས་ཡིན་འདུག དེ་ཡང་ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༢༨ ཉིན་ཁོ་མོས་ཡུ་རོབ་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབས་ཐང་སྲུང་སྐྱོབ་ཚན་པའི་ Human Rights Subcommittee of the European Parliament བོད་དོན་ཞུ་གཏུག་གི་ཉན་ཞིབ་སྐབས། ཕྱི་དྲིལ་མཉམ་འབྲེལ་རྒྱལ་ཚོགས་དང་ཡུ་རོབ་མཐུན་ཚོགས། འགྲོ་བ་མིའི་ཐོབ་ཐང་ཚན་པའི་ལས་བྱེད་བསྟན་འཛིན་བསོད་ནམས་ལགས་ཀྱིས་སྐད་སྒྱུར་གནང་ཐོག་ཉི་མ་ལྷ་མོ་ལགས་ཀྱིས་སྐར་མ་ ༡༥ རིང་ལྕམ་སྐུ་ཝེ་ལེན་ཤིའ་ནོ་ Ms Valenciano མཆོག་གི་གཙོ་སྐྱོང་གནང་བའི་ཉན་ཞིབ་སྐབས་ཁོ་མོའི་ཨ་ཞང་ཞིང་གཤེགས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་མཆོག་ཐོག་མར་རྒྱ་ནག་གཞུང་གིས་འཛིན་བཟུང་བྱེད་སྟངས་དང་། བར་དུ་བཙོན་དུ་བཀག་བསྐྱིལ་བྱས་མཐར་དོགས་གཞི་ཧ་ཅང་ཆེ་བའི་གནས་སྟངས་འོག་རིན་པོ་ཆེ་མཆོག་སྐུ་གྲོངས་པའི་གནས་སྟངས་སོགས་ཞིབ་ཕྲ་གསལ་བཤད་ཞུས་པ་དང་སྦྲགས། ཁོ་མོ་རང་ཉིད་དང་རང་གི་ནང་མི་སྤུན་མཆེད་སོགས་ལ་ཉེན་ཁ་ཇི་ལྟར་འཕྲད་སྲིད་ཀྱང་འཛེམས་ཟོན་མེད་པར་རིན་པོ་ཆེ་དམ་པ་ཁོང་སྐུ་གྲོང་རྐྱེན་ངོ་མ་གང་ཡིན་ཐད་རང་དབང་ཅན་གྱི་སྡེ་ཚན་ཞིག་ནས་རྟོག་ཞིབ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་འདུག
ཉན་ཞིབ་སྐབས་ཡུ་རོབ་མཐུན་ཚོགས་ཀྱི་ཕྱི་འབྲེལ་རྒྱ་ནག་སྡེ་ཚན་གྱི་སྲིད་བྱུས་སློབ་སྟོན་པ་བགྲེས་པ་ལྕམ་སྐུ་ཌེ་རེན་ཌེར་ཡ་ Ms Deren Derya མཆོག་གིས་གཙོས་གྲོས་ཚོགས་འཐུས་མི་ ༥༠ ཙམ་གྱིས་དོ་སྣང་ཧ་ཅང་ཆེན་པོས་གསན་འཇོག་གནང་བ་མ་ཟད། ཁོ་མོར་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་གྱི་རྣམ་འགྱུར་བསྟན་འདུག ལྕམ་སྐུ་ཌེ་རེན་ཌེར་ཡ་ Ms Deren Derya མཆོག་གིས་ཉན་ཞིབ་སྐབས་ཡུ་རོབ་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐད་སྲིད་བྱུས་ལངས་ཕྱོགས་ཇི་ཡིན་དང་། ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་གྱི་གྲོས་མོལ་ཚོགས་འདུ། དེ་བཞིན་ཡུ་རོབ་གྲོས་ཚོགས་འབྲེལ་ཡོད་ལས་བྱེད་ནས་བསྒྲགས་གཏམ་འདྲ་མིན་སྤེལ་བ་ཁག་དང་། རང་ལུས་མེར་སྲེག་གི་གནས་སྟངས། བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ལ་རྒྱབ་སྐྱོར་གྱི་སྲིད་བྱུས་རྒྱུན་སྐྱོང་གནང་ཚུལ་སོགས་ངོ་སྤྲོད་གནང་བ་མ་ཟད། ཡུ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་དང་འབྲེལ་བ་གནང་སྐབས་ཕྱོགས་གཉིས་དབར་གཞི་རྩའི་ལྟ་གྲུབ་རྩ་འཛིན་བྱ་རྒྱུ་དང་། ལག་བསྟར་དོན་འཁྱོལ་ཐུབ་པའི་སྲིད་བྱུས་རྒྱུན་སྐྱོང་བྱ་རྒྱུ། དངོས་ཡོད་གནས་སྟངས་དང་འཚམས་པའི་སྲིད་བྱུས་འཛིན་རྒྱུ། བཅས་སྲིད་བྱུས་དེ་གསུམ་གཞི་རྩར་བཟུང་ནས་རྒྱ་ནག་དང་ལྷན་འབྲེལ་བ་གནང་བཞིན་ཡོད་སྐོར་གསལ་བཤད་གནང་འདུག
ཐེངས་འདིར་ཉི་མ་ལྷ་མོ་ལགས་ཡུ་རོབ་ཀྱི་ཡུལ་གྲུ་བྷེལ་འཇམ་ Belgium དང་ཕ་རན་སི་ France བཅས་ཀྱི་ནང་ཕྱི་ཟླ་ ༡༡ ཚེས་ ༢༦ ནས་ཕྱི་ཟླ་ ༡༢ ཚེས་ ༡༥ བར་ཕྱོགས་ཕེབས་ཀྱིས་བོད་དོན་ཞུ་གཏུག་གི་ལས་འགུལ་རྒྱ་ཆེ་སྤེལ་ཐབས་གནང་བཞིན་ཡོད་འདུག དེ་ཡང་བོད་དོན་ཞུ་གཏུག་གི་ལས་འགུལ་གོ་སྒྲིག་གནང་མཁན་སྦར་སེལ་སྐུ་ཚབ་དོན་ཁང་དང་ཡུ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཚན་པ་བཅས་ཡིན་འདུག །
ཉན་ཞིབ་སྐབས་ཀྱི་བརྙན་འཕྲིན་གཟིགས་ཆེད་འདིར་གནོན།