༢༠༡༦ ཟླ་ ༡༡ ཚེས་ ༢༤ རེས་གཟའ་ཕུར་བུ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༡༩ ནས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱ་རྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས། སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་བཅས་ཀྱི་སྐུ་ཚབ་ཚོགས་ཆུང་དང་། ཚོགས་དྲུང་ལས་ཁུངས་ཀྱི་ཟུང་དྲུང་བསྟན་འཛིན་ཆོས་སྒྲོན་ལགས་བཅས་རྒྱ་གར་རྒྱལ་ས་ལྡི་ལིར་དགུན་དུས་རྒྱ་གར་གྲོས་ཚོགས་ཚོགས་བཞིན་པའི་སྐབས་དང་བསྟུན་གྲོས་ཚོགས་གོང་འོག་འཐུས་མི་དང་བློན་ཆེན་ཁག་ལ་མཇལ་འཕྲད་ཀྱིས་བོད་དོན་ཞུ་གཏུགས་གནང་ཕྱིར་ཆེད་ཕེབས་གནང་་ཡོད་པ་ལྟར། ཕྱི་ཚེས་ ༢༡ ཉིན་ཕྱི་དྲོ་ཆུ་ཚོད་ ༢།༠༠ ཐོག་གྲོས་ཚོགས་གོང་མའི་འཐུས་མི་ Sardar Sukhdev Singh Dhidsa དང་། རིམ་བཞིན་གྲོས་ཚོགས་འོག་མའི་འཐུས་མི་ Manoj Tiwari དང་ Dinesh Kashyap གཙོས་པའི་འཐུས་མི་ཁག་ཅིག་མཇལ་འཕྲད་ཀྱིས་བོད་དོན་ཞུ་གཏུགས་གནང་ཡོད།
ཕྱི་ཚེས་ ༢༢ ཉིན་གྱི་སྔ་དྲོ་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་སྐུ་ཞབས་ཤན་ཏ་ཀུ་མར་མཆོག་དང་མཇལ་འཕྲད་ཀྱིས་འབྱུང་འགྱུར་ལས་དོན་གནང་ཕྱོགས་ལ་གོ་བསྡུར་ཞུས། དེའི་ཉིན་རྒྱབ་རྒྱ་གར་དབུས་གཞུང་གི་མེ་འཁོར་བློན་ཆེན་གཞོན་པ་དང་། ཨ་ཡུ་ཤི་བློན་ཆེན། ཀོང་རི་སི་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི། ཀར་ན་ཏྲ་ཀ་མངའ་སྡེ་སྤྱི་ཁྱབ་དང་དབུས་གཞུང་གི་བློན་ཆེན་ཟུར་པ་སྐུ་ཞབས་ Veerappa Moily སོགས་མཇལ་འཕྲད་ཞུས་ཡོད། མཇལ་འཕྲད་སྐབས་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་རིམ་པའི་གྲོས་ཆོད་དགོངས་དོན་བཞིན། ད་ལྟའི་བོད་ནང་རང་ལུས་མེར་སྲེག་གིས་གཙོས་ཛ་དྲག་གི་གནད་དོན་དང་། བོད་དོན་དཀའ་རྙོག་སེལ་ཐབས་གྲོས་ཚོགས་གོང་འོག་གི་འཐུས་མི་རྣམ་པས་རྒྱབ་སྐྱོར་ཡོང་བ་བཅས་འབོད་སྐུལ་ཞུ་བཞིན་ཡོད་པ་དང་།
ད་བར་སྲིད་དོན་ཚོགས་པ་ཁག་ལྔ་དང་གྲོས་ཚོགས་གོང་འོག་གི་འཐུས་མི་བཅུ་གཅིག་དབུས་གཞུང་གི་བློན་ཆེན་སོགས་མཇལ་ཡོད་པ་མ་ཟད། ད་ལྟའི་ཆར་རྒྱ་གར་གྲོས་ཚོགས་ནང་དངུལ་ལོར་གསར་བརྗེ་དང་འབྲེལ་བའི་རྒྱ་གར་གྲོས་ཚོགས་ནང་རྙོག་ཟིང་ལང་བཞིན་ཡོད་ན་ཡང་མཇལ་འཕྲད་ཟིན་པའི་འཐུས་མི་ཚང་མས་གྲོས་ཚོགས་ནང་བོད་དོན་གླེང་སློང་གནང་རྒྱུའི་ཁས་ལེན་དང་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེར་བསྟན་གནང་ཡོད། སྲིད་དོན་ཚོགས་པ་ཚང་མས་བོད་དོན་ཐོག་ཐུགས་སྣང་དང་རྒྱབ་སྐྱོར་གནང་ཕྱོགས་ཀྱི་སྲིད་བྱུས་གཅིག་གྱུར་ཡིན་པའི་སྐོར་གསུང་གནང་ཡོད་པ་བཅས།།