༢༠༡༦ ཟླ་ ༡༡ ཚེས་ ༢༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༡༨ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སོག་ཡུལ་གྱི་རྒྱལ་ས་ཨུ་ལན་བྷ་ཊར་ Ulaanbaatar རྒྱལ་སྤྱིའི་གནམ་ཐང་དུ་༸ཞབས་སོར་འཁོད་སྐབས། མཁན་པོ་བླ་མ་ཆོས་ཀྱི་རྒྱ་མཚོ་མཆོག་དང་། རྒྱ་གར་གཞུང་ཚབ་པ་མཆོག རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག དེ་བཞིན་ཆིབས་སྒྱུར་གསོལ་འདེབས་ཞུ་མཁན་དགའ་ལྡན་དགོན་པ་གཙོ་བོར་གྱུར་བའི་དགོན་སྡེ་ཁག་གི་མཁན་པོ་སོགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག
དེ་ཡང་མཛད་འཆར་གྱི་ཐོག་མར་༸གོང་ས་མཆོག་གིས་ཡུལ་དེའི་རྒྱལ་ཡོངས་གསར་འགྱུར་བརྙན་འཕྲིན་ཚན་པའི་ Mongolian National Television བཅར་འདྲིར་དང་ལེན་མཛད། སྐབས་དེར་མགོན་པོ་གང་ཉིད་མཆོག་ཐེངས་འདིར་སླར་ཡང་སོག་ཡུལ་དུ་ཆིབས་སྒྱུར་བསྐྱངས་ཐུབ་པ་དེར་ཐུགས་དགྱེས་ཚོར་བྱུང་བ་དང་། སོག་ཡུལ་ནང་སེར་སྐྱ་མི་མང་རྣམས་དང་གཞོན་སྐྱེས་ཁག་གཅིག་བཅས་ལ་ཆོས་འབྲེལ་སོགས་སྩལ་གནང་མཛད་རྒྱུའི་མཛད་འཕྲིན་ཁག་གཅིག་སྐོར་བཀའ་ལན་སྩལ།
ཕྱི་ཚེས་ ༡༩ ཉིན་༸གོང་ས་མཆོག་སོག་ཡུལ་རྒྱལ་སའི་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་དགའ་ལྡན་ཐེག་ཆེན་གླིང་དགོན་པར་ཆིབས་སྒྱུར་བསྐྱངས་ནས་རྡོ་རྗེ་འཆང་ནང་པའི་ལྷ་ཁང་དུ་གནས་གཟིགས་མཛད། དེ་ནས་དགའ་ལྡན་དགོན་པའི་བཞུགས་ཁྲིར་༸ཞབས་སོར་བདེ་བར་འཁོད་བསྟུན་མཁན་པོ་བླ་མ་ཆོས་ཀྱི་རྒྱ་མཚོ་མཆོག་ནས་མནྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་སྨོན་ལམ་གསུང་འདོན་གནང་རྗེས་༸གོང་ས་མཆོག་གིས་པཎ་གྲུབ་ ༡༧ ལྗགས་ལུང་སྩལ་གནང་མཛད།
ཉིན་གུང་ལྗགས་སྨིན་གྲུབ་རྗེས་སོག་ཡུལ་དད་ལྡན་སེར་སྐྱ་མང་ཚོགས་སྟོང་ཕྲག་བརྒལ་བས་གནམ་གཤིས་ཧ་ཅང་གྲང་ངར་ཆེ་མིན་ལ་མ་ལྟོས་པར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸ཞལ་མཇལ་གསུང་ཐོས་ཆེད་སྤྱན་རས་གཟིགས་ལྷ་ཁང་གི་མདུན་ཐང་དུ་འདུ་འཛོམས་ཐོག་༸གོང་ས་མཆོག་གིས་བཀའ་སློབ་སྩལ་བའི་སྙིང་དོན། ཐེངས་འདིར་༸གོང་ས་མཆོག་སོག་ཡུལ་དུ་༸ཞབས་སོར་འཁོད་ཐུབ་པར་མགོན་པོ་གང་ཉིད་མཆོག་ཐུགས་དགྱེས་ཚོར་ཆེན་པོ་བྱུང་སྐོར་དང་། སོག་པོ་ཚོས་ནང་ཆོས་ལ་དད་པ་ཡོད། ཅེས་ནང་ཆོས་བརྗོད་སྐབས་ཆོ་ག་ཕྱག་ལེན་རྐྱང་རྐྱང་ཡིན་པ་ལྟ་བུ་བྱ་རྒྱུ་མེད་པ་དང་། དུས་རབས་ ༢༡ ནང་པ་ཞིག་བྱེད་ཐབས་ཆེད་ནང་པའི་གཞུང་ལ་ཐོས་བསམ་སློབ་གཉེར་བྱེད་དགོས་སྐོར་སོགས་བཀའ་སྩལ།
དེ་ནས་༸གོང་ས་མཆོག་གིས་ཡིད་དགའ་ཆོས་གླིང་གྲྭ་ཚང་དུ་གཙོ་བོ་སོག་པོའི་དགེ་འདུན་པ་ ༡༠༠༠ བརྒལ་བར་དེང་སྐབས་ཚན་རིག་པ་དང་ཤེས་ལྡན་མི་སྣ་བློ་གཟུ་བོར་གནས་པ་རྣམས་ཀྱིས་ནང་ཆོས་ནས་གསུང་པའི་སེམས་ཁམས་རིག་པ་དང་ཚད་མ་རིག་པའི་རྣམ་གཞག་སོགས་ལ་ངེས་པར་དུ་སློབ་གཉེར་གནང་དགོས་པ་དང་། མགོན་པོ་གང་ཉིད་མཆོག་ལྟ་བུར་མཚོན་ན་ཚན་རིག་པ་རྣམས་དང་ལྷན་གཙོ་བོ་འཇིག་རྟེན་ཁམས་ཀྱི་རིག་པ་དང་། དབང་རྩའི་རྣམ་གཞག དངོས་ཁམས་རིག་པའི་ནང་གི་ཚད་རྡུལ་དགོས་ཁམས་རིག་པའམ་ཀོན་ཊམ་དངོས་ཁམས་རིག་པ། དེ་བཞིན་སེམས་ཁམས་རིག་པ་བཅས་སྡེ་ཚན་བཞིའི་ཐོག་གོ་བསྡུར་སྦྱང་བཤད་དང་བགྲོ་གླེང་སོགས་མཛད་དང་མཛད་མུས་སྐབས། ནང་ཆོས་དང་ཚན་རིག་ཕྱོགས་གཉིས་ཀར་ལེགས་སྐྱེས་བླང་རྒྱུས་མཚོན་ཕན་ཐོགས་ཧ་ཅང་ཡོད་སྐོར་དང་།
སྤྱིར་༸གོང་ས་མཆོག་ཐོག་མའི་སྐབས་ཚན་རིག་གི་ཤེས་བྱའི་རྣམ་གཞག་དེ་ཚོར་ཏོག་ཙམ་ཡ་མཚན་མཚན་མཛད་ནས་དོ་སྣང་མཛད་ཀྱང་། རིམ་བཞིན་ཚན་རིག་པ་ཚོ་དང་ལྷན་དངོས་སུ་ཐུག་ནས་བགྲོ་གླེང་བྱེད་སྐབས། ཁོང་ཚོའི་སར་ནས་ང་ཚོས་བློ་སྐྱེད་བླང་རྒྱུ་མང་པོ་ཞིག་ཡོད་པ་གཟིགས་ནས། དེང་སྐབས་རྒྱ་གར་ནང་བཙན་བྱོལ་བོད་མི་འདུ་སྡོད་གདན་ས་གྲྭ་ཚང་གཙོ་བོར་གྱུར་བའི་བོད་བརྒྱུད་ནང་བསྟན་གྱི་བསྟི་གནས་ཁང་འདྲ་མིན་ནང་ཚན་རིག་དེ་དངོས་སུ་སློབ་ཚན་ནང་བཞག་ནས་དགེ་བཙུན་རྣམས་ཀྱིས་ངེས་པར་དུ་སློབ་གཉེར་གནང་དགོས་པའི་ལམ་སྲོལ་བཟང་པོ་གསར་གཏོད་མཛད་སྐོར་བཀའ་སློབ་སྩལ་གྲུབ་བསྟུན་དྲི་བ་རྣམས་ལ་བཀའ་ལན་སྩལ། དེ་རྗེས་བཞུགས་གནས་གསོལ་མགྲོན་ཁང་དུ་ཆིབས་༸ཞལ་སྒྱུར། ཕྱི་ཚེས་ ༢༠ ཉིན་༸གོང་ས་མཆོག་གིས་རྟེན་འབྲེལ་བསྟོད་པ་དང་ལམ་གཙོ་རྣམ་གསུམ། དེ་བཞིན་རྗེས་རིགས་གསུམ་སྤྱི་སྒྲུབ་ཀྱི་རྗེས་སྣང་སོགས་ཀྱི་བཀའ་ཆོས་སྩལ་ཡོད། །