༢༠༡༦ ཟླ་ ༡༡ ཚེས་ ༡༢ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༡༡ ཉིན་གྱི་སྔ་དྲོ་ཐོག་མར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཉི་ཧོང་གི་གྲོང་ཁྱེར་ཨོ་ས་ཀའི་ནང་དུ་རྟེན་གཞི་བྱས་པའི་ Seifu སློབ་གྲྭ་ཆེན་མོའི་ཚོགས་ཁང་དུ་ཉི་ཧོང་གི་དད་ལྡན་གཙོ་གྱུར་རྒྱ་ནག་སྐམ་ས་ཆེན་པོ་སོགས་ནས་དད་ལྡན་ཆོས་ཞུ་བ་ཁྱོན་མི་གྲངས་ ༡༠༠༠ བརྒལ་བར་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་བཀའ་ཆོས་དབུ་འཛུགས་མཛད་འདུག
དེ་ཡང་ཐོག་མར་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོས་༸གོ་ས་མཆོག་ཐེངས་འདིར་སླར་ཡང་ཉི་ཧོང་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་གནང་མཛད་ནས་མང་ཚོགས་དང་སློབ་ཕྲུག་རྣམས་ལ་ལམ་སྟོན་བཀའ་སློབ་སྩལ་བ་མ་ཟད། ནང་པའི་དད་ལྡན་སེར་སྐྱ་མང་ཚོགས་རྣམས་ལ་ཆོས་འབྲེལ་སོགས་མཛད་འཕྲིན་ཁག་གཅིག་བསྐྱངས་གནང་མཛ་པར་བཀའ་དྲིན་བླ་མེད་དུ་ཆེ་སྐོར་སྙན་སེང་ཞུས་པ་དང་སྦྲགས། མགོན་པོ་གང་ཉིད་མཆོག་གིས་ངེས་པར་དུ་༸སྐུའི་འཕྲོད་བཞེས་ལ་ཐུགས་འཇགས་མཛད་གནང་ཡོང་བའི་གསོལ་འདེབས་ཞུས།
དེ་ནས་༸གོང་ས་མཆོག་གིས་དངོས་བསྟན་སྟོང་ཉིད་དང་སྦས་དོན་མངོན་རྟོགས་ཀྱི་རིམ་པ་སྟོན་པའི་མངོན་རྟོགས་རྒྱན་དང་རྩ་བ་ཤེས་རབ་ཀྱི་ཆོས་བརྗོད་གསུང་གནང་མཛད་རྗེས་བཀའ་སློབ་སྩལ་དོན།
དེ་རིང་འདིར་ཆོས་འབྲེལ་བྱེད་བཞིན་ཡོད། ཆོས་ཟེར་བ་དེ་གང་རེད། གུང་སེང་བཏང་བའི་སྐབས་སྐྱིད་པོ་བྱས་ནས་བྱེད་རྒྱུ་གང་ཞིག་ཡིན་པ་བརྗོད་ན། ལེགས་སྦྱར་སྐད་དུ་ཆོས་ལ་དར་མ Dharma ཞེས་པ་འཛིན་པའི་དོན་རེད། དར་ Dhar ཟེར་ན་འཆང་བའམ་འ་ཛིན་པ། སྐབས་འདིར་འཛིན་པ་ཞེས་པའི་གོ་དོན་གཙོ་བོ་སྐྱོབ་པའི་དོན་ལ་གོ་བ་ཕལ་ཆེར་རེད།
ང་ཚོ་ཚང་མ་སྡུག་བསྔལ་མི་འདོད་པ་རེད། སྡུག་བསྔལ་ལས་སྐྱོབ་ཐབས་བྱེད་དགོས། དེ་གང་འདྲ་རེད་བརྗོད་ན། སྤྱིར་འཛམ་གླིང་འདིའི་སྟེང་ཆོས་ཞེས་སྒྲ་ཟོར་ཡང་བའི་དབང་དུ་བྱས་ན། ཆོས་ལུགས་འདྲ་མིན་ཧ་ཅང་མང་པོ་ཡོད། ཆོས་ལུགས་དེ་དག་ཚང་མས་མི་ལ་རེ་བ་འཛིན་ཡག་ཅིག་དང་། དཀའ་ངལ་ཇི་ལྟར་འཕྲད་ཀྱང་སེམས་ནང་ཏོག་ཙམ་བློ་འཇོག་ས་ལྟ་བུ་ཡོང་བཞིན་ཡོད།
གང་ལྟར་འཕྲལ་དུ་ཡིན་ནའང་སེམས་ནང་དངངས་སྐྲག་དང་མ་སྐྱིད་པ་བྱུང་བ་ལས་སྐྱོབ་མཁན་ཞིག་ཕལ་ཆེར་ཡོང་བཞིན་ཡོད། སངས་རྒྱས་པའི་ཆོས་ནས་འཛིན་པའམ་སྐྱོབ་པ་ཞེས་པའི་སྐྱོབ་སྟངས་འདི། སེམས་རྒྱུད་ལ་འགྱུར་བ་གཏང་བའི་ཐོག་ནས་འགྲོ་དགོས། སེམས་མ་དུལ་བས་སྡུག་བསྔལ་ཡོང་བཞིན་ཡོད། སེམས་མ་དུལ་བ་དེར་འགྱུར་བ་བཏང་ནས་སེམས་དུལ་བར་བྱས་པའི་སྒོ་ནས་སེམས་མ་དུལ་བ་ལ་བརྟེན་ནས་བྱུང་བའི་ལས་ངན་གསོག་རྒྱུ་དང་། དེའི་འབྲས་བུ་སྡུག་བསྔལ་ལས་ཐར་བ་དང་སྐྱོབ་པ་བྱ་རྒྱུ་ཞིག་ལ་གོ་དགོས།
སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་འདི་འདྲ་ཆགས་ཡོད། དེར་བརྟེན་ཆོས་ཞེས་བརྗོད་སྐབས་སྡུག་བསྔལ་སེལ་རྒྱུ་དང་བདེ་བ་བསྒྲུབ་རྒྱུའི་དོན་དུ་ཡིན་པ་རེད། ཆོས་ཆོས་སུ་སོང་བ་ཡིན་ན། འཕྲལ་དུ་ཡིན་ནའང་སེམས་སྐྱིད་པ་ཞིག་དང་། ཕུགས་ལ་ཡིན་ནའང་བདེ་སྐྱད་ཐོབ་ཡག་ཅིག་ཡོང་རྒྱུ་རེད། འདི་འདྲ་ཞིག་དགོས། འཇིག་རྟེན་ཆོས་བརྒྱད་ཀྱི་གཞན་དབང་དུ་ཕྱིན་ནས་ད་དུང་ཆོས་ལ་བརྟེན་ནས་སྡིག་པ་བསགས་པ་ཡིན་ན་ཆོས་ཆོས་སུ་མ་སོང་བ་རེད། ཆོས་ཀྱི་སྙིང་པོ་དེ་ཆོས་ལུགས་འདྲ་མིན་སྣ་ཚོགས་ཡོད། ལྟ་གྲུབ་ཐོག་ནས་ཀྱང་འདྲ་མིན་ཧ་ཅང་མང་པོ་ཡོད། དེ་དག་ཚང་མས་འཇིགས་པ་ལས་སྐྱོབ་ཡག་དང་འཕྲལ་དུ་སེམས་ལྷོད་པོ་ཡོང་ཡག་གི་ཐབས་འདི་སེམས་པ་བཟང་པོ་བྱ་རྒྱུ་དེ་རེད་འདུག
ཆོས་ལུགས་ཚང་མས་བྱམས་བརྩེ་དགོས་རེད། བྱམས་བརྩེར་གནོད་བྱེད་མཁན་དེ་ཞེ་སྡང་ཡིན་སྟབས་བཟོད་པའི་ཉམས་ལེན་བྱེད་དགོས། གཞན་གྱིས་རང་ལ་གནོད་པ་ཞིག་བྱས་ན། དེར་འཁོན་འཛན་བྱས་ནས་ལན་ཞིག་སློག་པ་ཡིན་ནའང་སེམས་མ་སྐྱིད་པ་ཞིག་ཡོང་གི་ཡོད་སྟབས།
དག་བསང་ forgiveness བྱེད་དགོས་པ་ཆོས་ལུགས་ཚང་མས་གསུང་བཞིན་ཡོད། འཛམ་གླིང་འདིའི་སྒང་ལ་མི་དུང་ཕྱུར་ ༧༠ ཙམ་ཡོད། དེའི་ནང་ནས་དུམ་བུ་གསུམ་དུ་དབྱེ་ཆོག ཆོས་དད་ཡོད་མཁན་དང་། ཆོས་ལ་སྐྱོན་དུ་བལྟ་མཁན། ཆོས་ལ་དམིགས་བསལ་དོ་སྣང་གང་ཡང་མ་བྱས་པར་བཏང་སྙོམས་སུ་འཇོག་མཁན་བཅས་གསུམ་ཡོད་པ་ལྟ་བུ་འདུག
དེ་གསུམ་སྡུག་བསྔལ་མི་མི་འདོད་པ་དང་བདེ་བ་འདོད་མཁན་གཅིག་པ་རེད། འོན་ཀྱང་ཆོས་ཡོད་མཁན་ཚོ་ཏོག་ཙམ་སེམས་ལྷོད་པ་དང་དྲག་པ་འདུག ཡང་ན་ཆོས་ལ་ཉེས་དམིགས་སུ་བལྟ་མཁན་དེ་དག་གི་སེམས་ལྷོད་པ་འདུག དེར་ང་ཚོས་ཞིབ་འཇུག་བྱོས་དང་། འཛམ་གླིང་འདིའི་སྒང་དེང་སྐབས་རྙོག་གྲ་མང་པོ་ཞིག་མིས་བཟོས་པའི་རྙོག་གྲ་རེད། མིས་བཟོས་པའི་རྙོག་གྲ་དེ་དག་བྱམས་བརྩེས་ཀུན་ནས་བླངས་ཏེ་རྙོག་གྲ་བཟོ་མཁན་ཕལ་ཆེར་མེད།
ཞེ་སྡང་ཁྲག་དོག་དེ་འདྲའི་ཐོག་ནས་རྙོག་གྲ་ཆགས་བཞིན་ཡོད། དེར་བརྟེན་འཛམ་གླིང་འདིའི་སྒང་གི་རྙོག་གྲ་དེ་དག་སེམས་མ་དུལ་བའི་དབང་གིས་ཡོང་བཞིན་ཡོད་པ་ཧ་ཅང་གསལ་པོ་རེད། མཐའ་ན་གཟུགས་པོའི་འཕྲོད་བསྟེན་ལ་མཚོན་ནའང་ཚན་རིག་པ་ཚོས་སེམས་ནང་ཞེ་སྡང་དང་འཁོན་འཛིན་གྱི་བློ། འཇིགས་སྣང་སོགས་ཡང་ཡང་བྱུང་བ་ཡིན་ན། ལུས་ཀྱི་ཟུངས་ཉམས་འགྲོ་རྒྱུ་རེད། ཅེས་ཤོད་ཀྱི་འདུག
དེར་བརྟེན་སེམས་མ་དུལ་བར་ཡུན་རིང་བསྡད་པ་ཡིན་ན་རང་ཉིད་ཀྱི་ལུས་པོའི་འཕྲོད་བསྟེན་ལའང་ཧ་ཅང་གནོད་ཀྱི་ཡོད། དེར་བརྟེན་ཆོས་ཞེས་པའི་དོན་དེ་མི་ལ་བདེ་སྐྱིད་ཡོང་ཡག་ཅིག་དང་། སྡུག་བསྔལ་འཕྲད་སྐབས་དེར་གདོང་ལེན་བྱེད་སྟངས་ཀྱི་བསམ་བློ་གཏོང་སྟངས་ཤིག་སློབ་བཞིན་ཡོད། ཆོས་ཀྱི་གོ་དོན་སྙིང་པོ་འདི་ལྟ་བུ་ཞིག་རེད་འདུག
སེམས་ཀྱི་སྡུག་བསྔལ་འདི་ལུས་པོའི་ཚོར་བ་བདེ་བས་ཟིལ་གྱིས་གནོན་མ་ཐུབ། དེར་བརྟེན་བདེ་སྡུག་ཤོད་སྐབས་ལུས་ཚོར་ལས་སེམས་ཚོར་གྱི་བདེ་སྡུག་གལ་ཆེ་བར་བརྩིས་ནས་སེམས་ཚོར་གྱི་བདེ་སྡུག་འཆད་དགོས་པ་ཡིན། ལུས་ལ་མཐུན་རྐྱེན་འཛོམས་པའི་བདེ་སྐྱིད་བག་ཕེབས་ཟེར་བ་དེ་མིན་པར་སེམས་དུལ་བ། ཞེས་བརྗོད་བཞིན་ཡོད། གཙོ་བོ་སེམས་དུལ་བ་ཞིག་དགོས། དེར་བརྟེན་དེང་སྐབས་འཛམ་གླིང་འདིའི་སྒང་དེང་དུས་ཤེས་ཡོན་གྱི་འགྲོ་སྟངས་འདི་གཙོ་བོ་ཕྱི་དངོས་པོའི་རིན་ཐང་ལ་གཙིགས་ཆེར་འཛིན་ materialistic oriented ནས་འགྲོ་བཞིན་ཡོད།
དེར་བརྟེན་ད་ལྟ་ཡོད་པའི་ཤེས་ཡོན་སྤྲོད་སྟངས་འདིས་མི་བདེ་སྐྱིད་ལྡན་པ་ཞིག་བཟོ་ཐུབ་ཀྱི་མེད། དེང་སྐབས་རྙོག་གྲ་བཟོ་མཁན་མང་པོ་ཞིག་དེང་དུས་ཤེས་ཡོན་ལྡན་པ་རེད། འོན་ཀྱང་སེམས་མ་དུལ་བར་བརྟེན་ཤེས་ཡོན་དེས་གནག་སེམས་གནོད་སེམས་བྱ་རྒྱུའི་ལག་ཆ་ལྟ་བུར་ཕྱིན་ནས་ཡག་པོ་མིན་འདུག
དེར་བརྟེན་གཙོ་བོ་ཆོས་ཡོད་མཁན་ཚོ་ཡིན་ནའང་འདྲ། ཆོས་མེད་མཁན་ཚོ་ཡིན་ནའང་འདྲ། སེམས་དུལ་བ་ཞེས་པ་འདི་འཛམ་གླིང་སྤྱི་ལ་འབྲེལ་བ་ཆགས་ཡོད། དེ་འདྲ་ཡིན་དུས་འདི་ཧ་ཅང་གལ་ཆེན་པོ་རེད། རྒྱ་གར་གྱི་མི་ལོ་སྟོང་ཕྲག་གསུམ་ཙམ་ནང་ནས་སེ་ཀུ་ལར་ secular ཞེས་པ་དམིགས་བསལ་ཆོས་དང་མ་འབྲེལ་བའི་ཡ་རབས་སྤྱོད་བཟང་འཆད་ཡག་ཅིག་ཡོད།
རྒྱ་གར་གྱི་རྩ་ཁྲིམས་ལ་མཚོན་ནའང་ secular གཞི་ལ་བཞག་པའི་རྩ་ཁྲིམས་ཤིག་ཆགས་ཡོད། རྒྱ་གར་གྱི་ secular ཞེས་བརྗོད་སྐབས་ཆོས་ལུགས་ཚང་མར་གུས་བརྩི་བྱས། གུས་ཞབས་བྱས། ཆོས་དད་མེད་མཁན་ཚོ་ལའང་གུས་ཞབས་བྱེད་བཞིན་ཡོད། ཧ་ཅང་རླབས་ཆེན་པོ་རེད་འདུག དེང་སྐབས་འཛམ་གླིང་འདིའི་ནང་མི་འབོར་དུང་ཕྱུར་ ༧༠ ཙམ་ཡོད་པའི་ནང་ནས་དུང་ཕྱུར་བཅུ་ལྷག་ལ་ཆོས་དད་མེད། དེ་དག་སྡུག་སྔལ་མི་འདོད་པ་དང་བདེ་བ་འདོད་པ་གཅིག་པ་རེད།
མི་ཀུན་ལ་བདེ་སྐྱིད་ཡོང་སླད་ང་ཚོས་སྨོན་ལམ་བརྒྱབ་བཞིན་ཡོད། འགྲོ་བ་རིགས་དྲུག་གིས་མཚོན་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པ་ཞིག་དང་སྡུག་བསྔལ་ལས་བྲལ་བ་ཞིག་བྱུང་ན། ཞེས་སྨོན་ལམ་བརྒྱབ་བཞིན་ཡོད། ཁ་ཞེ་གཉིས་མེད་ཀྱི་སྨོན་ལམ་འདི་བརྒྱབ་བཞིན་ཡོད་ཀྱང་དམིགས་བསལ་བྱེད་ཐབས་གང་ཡང་མེད་ན་དེ་འདྲ་ཞིག་རེད། བྱེད་ཐབས་ཡོད་ན་བྱེད་དགོས་པ་ཞིག་ཆགས་ཡོད། སྟོང་གསུམ་གྱི་སྟོང་ཆེན་ཆེན་པོ་འཇིག་རྟེན་གྱི་ཁམས་གྲངས་མེད་པ་དེ་དག་ང་ཚོས་སྨོན་ལམ་རྒྱག་རྒྱུ་ཙམ་ལས་གཞན་འབྲེལ་བ་དེ་ཙམ་མེད།
འབྲེལ་བ་ཡོད་མཁན་ནི་ང་རང་ཚོའི་དགུ་ཚིགས་སྐྱ་མོ་ galaxy འདི་རེད། འདིའི་ནང་ནས་འཛམ་བུའི་གླིང་འདི་རེད། འཛམ་གླིང་འདིའི་སྒང་དུའང་སྲོག་ཆགས་གྲངས་ལས་བསྡད་པ་ཞིག་ཡོད་ཀྱང་ང་ཚོར་བྱ་ཐབས་གང་ཡང་མེད། གང་དྲག་ཅི་དྲག་བསམས་ནས་སྡོད་རྒྱུ་མ་གཏོགས་བྱ་ཐབས་གང་ཡང་མེད།
དཔེར་ན། བྱ་རི་དྭགས་ཀྱིས་གཙོས་དུད་འགྲོ་སྐྱབས་མེད་མགོན་མེད་ཉམ་ཐག་པ་དེ་དག་མཐོང་སྐབས་གང་དྲག་བསམས་ནས་སེམས་པ་སྐྱོ་ནས་སྡོད་རྒྱུ་མ་གཏོགས་བྱ་ཐབས་གང་ཡང་མེད། བྱེད་ཐབས་ཡོད་པ་འདི་འཛམ་གླིང་འདིའི་སྟེངས་མི་དུང་ཕྱུར་བདུན་བཅུ་ཙམ་ཡོད། དེ་དག་ལ་སྐད་དང་མིའི་ཀླད་པ་ཡོད། དེར་བརྟེན་ག་ཚོད་ཐུབ་ཐུབ་ཀྱི་ཕན་ཐོགས་བྱེད་པ་ཡིན་ན་ཕན་ཐོགས་བྱ་རྒྱུའི་གོ་སྐབས་ཤིག་ཡོད་པ་ལྟ་བུ་འདུག
འཛམ་གླིང་འདིའི་སྟེང་མི་འབོར་དུང་ཕྱུར་བདུན་བཅུ་ཙམ་ཡོད་པ་དེ་དག་མི་བཟང་པོ་ཞིག་དང་། བྱམས་བརྩེ་ལྡན་པའི་མི་ཞིག་བཟོ་ཐུབ་པ་ཡིན་ན། དངོས་ནས་མི་ཀུན་ལ་ཕན་རྒྱུ་རེད། འཕྲལ་དུ་རང་ཉིད་སོ་སོ་ཡིན་ནའང་སེམས་སྐྱིད་པ་དང་ལུས་བདེ་ཞིང་། སྤྱི་ཚོགས་ཡང་སྐྱིད་པ་ཡོང་རྒྱུ་རེད། ཕུགས་ལ་འཛམ་གླིང་ཞི་བདེ་ལྡན་པ་ཞིག་ཡོང་ཐུབ་རྒྱུ་རེད།
ང་ཚོ་ཚང་མ་དུང་ཕྱུར་བདུན་བཅུའི་ནང་གི་ཆ་ཤས་ཤིག་ཡིན་སྟབས་ང་ཚོ་ཚང་མར་འགན་འདི་ཡོད། དུང་ཕྱུར་བདུན་བཅུའི་ནང་གི་མི་གཅིག་ཡིན་སྟབས་སོ་སོའི་ལས་འགན་ཚོད་དེ་མི་སྤྱི་ལ་གང་ཐུབ་ཕན་ཐོགས་བྱེད་ཐབས་བྱ་རྒྱུ་རེད། རིམ་པ་དང་པོ་འདི་རེད། ངོས་ཀྱི་ནམ་རྒྱུན་ཤོད་བཞིན་ཡོད། རིམ་པ་དང་པོ་དེར་ངོས་རང་མི་ཞིག་ཡིན་བསམས་པ་དྲན་པ་མ་གཏོགས་ངོས་རང་ནང་པ་ཞིག་ཡིན་བསམས་པ་དེ་རིམ་པ་གཉིས་པ་རེད་འདུག
མི་ཡིན་བསམས་པའི་བསམ་བློ་རིམ་པ་དང་པོ་དེའི་ཐོག་ནས་མིས་མི་ལ་བརྩེ་བ་ཡོད་པ་ཞིག་དང་མིས་མི་ལ་ཕན་ཐོགས་བྱེད་ཐུབ་པ་ཞིག་དགོས་པ་དེ་ངོས་ཀྱིས་རྟག་ཏུ་ཤོད་བཞིན་ཡོད། དེ་རིང་ཁྱེད་རང་ཆོས་གྲོགས་ཚོ་ལའང་འདི་གཅིག་ལབ་འདོད་བྱུང་།
དེ་འདྲ་ཡིན་སྟབས་འཛམ་གླིང་འདིའི་སྒང་གི་ཆོས་ལུགས་ལྟ་གྲུབ་ཡོད་པ་གཙོ་ཆེ་བ་དེ་དག་ཚང་མ་སྔོན་ལ་སེམས་ཅན་ཐམས་ཅད་ཟེར་བ་དེ་འདྲ་ཡིན་མིན་ལ་མ་ལྟོས་པར། མི་ཡོངས་རྫོགས་ལ་བདེ་སྐྱིད་ཡོང་བ་དང་སྡུག་བསྔལ་མི་ཡོང་བ་ཞིག་ཆོས་ལུགས་ཚང་མས་གསུང་བཞིན་ཡོད། ཆོས་ལུགས་ཚང་མའི་བསླབ་བྱ་གཙོ་བོ་བྱམས་བརྩེ་དང་བཟོད་པ་བཅས་གསུང་བཞིན་ཡོད། བྱམས་བརྩེ་དང་བཟོད་པ། ཆོག་ཤེས་བཅས་ཆོས་ལུགས་ཚང་མས་ཉམས་ལེན་བྱེད་དགོས་པའི་བསླབ་བྱ་རྒྱག་མཁན་གཅིག་གྱུར་ཡིན་སྟབས་ང་ཚོས་ཆོས་ལུགས་ཚང་མར་གུས་ཞབས་ཞུ་དགོས་པ་རེད།
མི་ལ་ཕན་ཐོགས་ཡོད་པ་ཞིག་ལ་ངོས་འཛིན་བྱས་ནས་ཆོས་ལུགས་གཅིག་གིས་གཅིག་ལ་གུས་པ་བྱས། ཆོས་ལུགས་མཐུན་པོ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བྱམས་པ་དང་བརྩེ་བ་ཟེར་བ་དེ་མིའི་སྤྱི་ཚོགས་ནང་དགོས་ངེས་ཤིག་ཡིན། དེ་མཚུངས་ཆོས་ལུགས་ཚང་མས་བྱམས་པ་དང་བརྩེ་བ་གསུང་བཞིན་ཡོད་སྟབས་བྱམས་པ་དང་བརྩེ་བ་གོང་འཕེལ་གཏོང་མཁན་གྱི་སྒྲིག་འཛུགས་ལྟ་བུ་ཆོས་རྒྱུད་དེ་དག་ཐུགས་མཐུན་པོ་བྱེད། ཐུན་མོང་ཐོག་ནས་བྱམས་བརྩེ་སྤེལ་ཐུབ་པ་ཞིག་བྱུང་ན་ཡག་པོ་འདུག
འདི་ནི་ངོས་རང་ནང་པའི་ཆོས་པ་ཞིག་ཡིན་པའི་རིམ་པ་འདིའི་ཐོག་ནས་ཆོས་ལུགས་ཚང་མ་མཐུན་སྒྲིལ་ཡོང་ཐབས་ཆེད་འབད་བརྩོན་བྱེད་བཞིན་ཡོད། གང་ཙམ་ཕན་ཐོགས་ཡང་ཡོང་བཞིན་འདུག ཆོས་གྲོགས་ཚོས་འདི་དགོངས་པར་འཇགས་རོགས།
འོ་ན་ཆོས་རྒྱུད་འདི་དག་མི་འདྲ་བ་ཡོད། ས་ཁུལ་འདྲ་མིན་ནང་གནམ་གཤིས་ཀྱི་བབ་དང་མི་ཚེའི་འཚོ་བ་སྐྱལ་སྟངས་སོགས་མི་འདྲ་བ་ཡོད། དཔེར་ན་གཙོ་ཆེ་རྒྱ་གར་ནང་དང་དཀྱིལ་ཤར་ཡུལ་གྲུ་བཅས་ཀྱི་ནང་ཁོར་ཡུག་འགྲོ་སྟངས་དེ་ཡང་མི་འདྲ་བ་རེད། དེ་འདྲའི་ཐོག་ནས་ས་ཁུལ་དེ་དག་ནང་ཡོད་པའི་མིའི་རང་བཞིན་གྱི་བསམ་བློའི་ནང་དུ་ཕྲན་བུའི་ཁམས་དང་མོས་པ་མི་འདྲ་བ་ཞིག་ཡོད།
སངས་རྒྱས་པའི་གཞུང་གི་ནང་དུའང་ཁམས་དང་མོས་པ་དང་། དབང་པོ། བག་ཆགས་དེ་འདྲའི་ཁྱད་པར་ཐོག་ནས་གསུང་བཞིན་ཡོད། ཁམས་དང་མོས་པ་མི་འདྲ་བ་ཡོད་པར་བརྟེན། དེ་དང་བསྟུན་པའི་ལྟ་གྲུབ་མི་འདྲ་ཞིག་ཡོང་བཞིན་ཡོད་པ་དེར་སྐྱོན་གང་ཡང་མེད། གཙོ་ཆེ་བ་དེ་འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ལྟ་གྲུབ་གཅིག་དང་འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱི་ལྟ་གྲུབ་གཅིག་བཅས་གཉིས་ཕྱེ།
འཇིག་རྟེན་བཀོད་པ་པོ་འདོད་མཁན་ཚོས་ཀྱང་བསམ་པ་རྣམ་དག་བྱས་པ་ཡིན་ན་ཧ་ཅང་ནུས་པ་ཆེན་པོ་རེད་འདུག འཇིག་རྟེན་བཀོད་པ་པོ་ཞེ་སྡང་གི་བདག་ཉིད་རེད་ཟེར་མཁན་སུ་གཅིག་ཀྱང་མེད། འཇིག་རྟེན་བཀོད་པ་པོ་བྱམས་བརྩེའི་བདག་ཉིད་རེད། ཅེས་ཚང་མས་དེ་བཤད་བཞིན་ཡོད། དེར་བརྟེན་ང་ཚོ་བཀོད་མཁན་གྱི་དཀོན་མཆོག་དེ་བྱམས་བརྩེའི་བདག་ཉིད་རེད། ཅེས་བརྗོད་སྐབས་སོ་སོའི་རང་བཞིན་དེའང་འཇིག་རྟེན་བཀོད་པ་པོས་ང་ཚོ་བཀོད་པ་ཡིན་སྟབས་ང་རང་ཚོའི་ཤ་ཁྲག་རུས་གསུམ་ནང་འཇིག་རྟེན་བཀོད་པ་པོའི་བྱིན་རླབས་ཤིག་ཡོད་པ་ལྟ་བུ་ཆགས་ཡོད། དེར་བརྟེན་ནུས་པ་ཆེན་པོ་ཡོད།
འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱིས་རྒྱུ་དང་འབྲས་བུའི་འབྲེལ་བའི་ཐོག་ནས་བཤད་ཀྱི་ཡོད། སོ་སོས་རྒྱུ་བཟང་པོ་ཞིག་བསགས་པ་ཡིན་ན་འབྲས་བུ་བཟང་པོ་ཞིག་དང་རྒྱུ་ངན་པ་ཞིག་བཅད་པ་ཡིན་ན་འབྲས་བུ་ངན་པ་ཞིག་ཡོང་རྒྱུ་རེད། འོ་ན་བཟང་དང་ངན་ཟེར་བ་དེ་གང་ཡིན་བརྗོད་ན། སྡུག་བསྔལ་དང་འབྲེལ་བ་དེ་ངན་པ་རེད། བདེ་བ་དང་འབྲེལ་བ་དེ་བཟང་པོ་རེད། དེ་རེད་མ་གཏོགས་དཀོན་མཆོག་གི་བཀའ་རེད། ཟེར་བ་ལྟ་བུའི་ཐོག་ནས་བཟང་དང་ངན་གྱི་སྐད་ཆ་བཤད་ཡག་གང་ཡང་མེད།
དེར་བརྟེན་ང་ཚོ་ནམ་རྒྱུན་བློར་ཡོད་པའི་བཟང་དང་ངན་ཟེར་བ་དེ་ང་ཚོ་ཚང་མ་དུད་འགྲོ་ཚུན་ཆེད་ལྷན་སྐྱེས་ཀྱི་རང་གི་ངང་གིས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཡིན་སྟབས་བདེ་བ་ཡོང་རྒྱུའི་རྒྱུ་རྐྱེན་དེ་དག་བཟང་པོར་བརྩི་དགོས། སྡུག་སྔལ་དེ་ངན་པ་བྱས། དེ་ཡོང་བའི་རྒྱུ་དེ་དག་ངན་པར་བརྩི་དགོས། བཟང་དང་ངན་གྱི་མཚམས་དེར་འཇོགས་དགོས་པ་ལས་གཞན་འཇོགས་སྟངས་མེད།
ཁམས་དང་མོས་པའི་ཁྱད་པར་ལས་འཇིག་རྟེན་བཀོད་པ་འདོད་མཁན་གྱི་ཆོས་རྒྱུད་གཅིག འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱི་ཆོས་རྒྱུད་སྡེ་ཚན་གཅིག འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་དེ་གཅེར་བུ་བའི་ཆོས་རྒྱུད་དང་གྲངས་ཅན་ལྷར་བཅས་དང་ལྷ་མེད་པ་གཉིས་ནས་གྲངས་ཅན་ལྷ་མེད་པས་འཇིག་རྟེན་བཀོད་པ་པོ་མི་འདོད་པ་རེད།
སངས་རྒྱས་པའི་ཆོས་ཀྱིས་འཇིག་རྟེན་བཀོད་པ་པོ་མི་འདོད་པ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བདག་ཉིད་བདག་གི་མགོན་གསུང་བཞིན་ཡོད། སོ་སོའི་མགོན་དེ་སོ་སོ་རང་ཉིད་རེད། སོ་སོས་ཡག་པོ་བྱས་ན་ཡག་པོ་དང་སྡུག་པོ་བྱས་ན་སྡུག་པོ་ཡོང་རྒྱུ་རེད། དེར་བརྟེན་སོ་སོའི་བདེ་སྡུག་སོ་སོའི་ལག་ཏུ་ཡོད་པ་གསུངས་ཡོད།
ལྟ་གྲུབ་མི་འདྲ་བ་ཡོད་པ་དེ་དག་གི་དམིགས་ཡུལ་འདི་བྱམས་བརྩེ་སྤེལ་རྒྱུ་དང་། དམིགས་ཡུལ་གཅིག་གྱུར་ལ་ལྟ་གྲུབ་མི་འདྲ་བ། ཁམས་དང་མོས་པ་མི་འདྲ་བར་ལྟོས་ནས་ལྟ་གྲུབ་མི་འདྲ་བ་དེ་དག་དགོས་པ་ཞིག་རེད། ཕན་ཐོགས་ཡང་ཡོད། དེར་བརྟེན་ཆོས་ལུགས་ཚང་མ་མཐུན་སྒྲིལ་དགོས། ཞེས་བརྗོད་སྐབས་ཁག་གཅིག་གིས་འཇིག་རྟེན་བཀོད་པ་པོ་འདོད་མཁན་དང་མི་འདོད་མཁན་གཉིས་དབར་མཐུན་སྒྲིལ་ཇི་ལྟར་ཡོང་ཐུབ་བམ་བསམས་པ་དེ་འདྲ་ཡོང་སྲིད།
དེ་གཉིས་ཀའི་དམིགས་ཡུལ་ནི་བྱམས་བརྩེ་གོང་འཕེལ་གཏོང་རྒྱུ་དེ་རེད། དེར་བརྟེན་གཅིག་པ་རེད། དཔེར་ན་ལྟོ་ཆས་འདྲ་མིན་ཡོད་པ་ལྟར་རེད། ལྟོ་ཆས་རྒྱུ་ཆ་དང་བྲོ་བ་འདྲ་མིན་ཡོད། འོན་ཀྱང་ལྟོ་ཆས་ཚང་མ་གཙོ་བོ་ལུས་འཚོ་རྒྱུའི་ཆེད་ཡིན་པ་དམིགས་ཡུལ་གཅིག་པ་རེད། ནད་འདྲ་མིན་ལ་སྨན་འདྲ་མིན་ཡོད་ཀྱང་གཙོ་བོ་ནད་གསོ་ཡག་ཡིན་པ་གཅིག་གྱུར་རེད།
དེ་མཚུངས་ང་ཚོའི་ཆོས་ལུགས་འདྲ་མིན་ཡོད་པ་དེ་དག་ཚང་མས་བྱམས་བརྩེ་གོང་འཕེལ་གཏོང་རྒྱུའི་དམིགས་ཡུལ་གཅིག་གྱུར་ཡིན་སྟབས་ལྟ་གྲུབ་མི་འདྲ་བ་ཡོད་པ་དེ་དག་ད་དུང་མིའི་ཁམས་དང་མོས་པ་མི་འདྲ་བ་ཡོད་པ་དེ་དག་ལ་ཕན་ཐོགས་ཡོད་པར་བརྟེན་དགོས་མཁོ་ཡོད་པ་ཞིག་ཀྱང་ཆགས་ཡོད།
གོང་དུ་འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གསུམ་ཡོད་པ་ནས། གཅེར་བུ་བ་དང་གྲངས་ཅན་ལྷ་མེད་པ་སོགས་ཀྱིས་ཕུང་པོ་ལས་དོན་གཞན་པའི་བདག་གི་ཁྱད་ཆོས་བཤད་སྐབས། རྟག་པ། གཅིག་པུ། རང་དབང་བ་གསུང་བཤིན་ཡོད། རྟག་གཅིག་རང་དབང་བའི་བདག་ཕུང་པོ་ལས་དོན་གཞན་པའི་བདག་འདོད་ཀྱི་ཡོད། སངས་རྒྱས་པས་ཕུང་པོ་ལས་དོན་གཞན་པའི་རྟག་གཅིག་རང་དབང་བའི་བདག་དེ་མི་འདོད་པ་རེད།
བཅོམ་ལྡན་འདས་ཀྱིས།
བདག་ཅེས་བྱ་བ་བདུད་ཀྱི་སེམས། །
ཁྱོད་ནི་ལྟ་བར་གྱུར་པ་ཡིན། །
འདུ་བྱེད་ཕུང་པོ་འདི་སྟོང་སྟེ། །
འདི་ལ་སེམས་ཅན་ཡོད་མ་ཡིན། ། །ཞེས་གསུངས་ཡོད། ང་ཞེས་བདག་ཏུ་ལྟ་བ་ཤུགས་ཆེན་པ་དེས་ཆགས་སྡང་གི་གཞི་བྱེད་བཞིན་ཡད། ཅེས་སོགས་བཀའ་སློབ་སྩལ་བསྟུན་ཆོས་འབྲེལ་དབུ་འཛུགས་མཛད།
ཆོས་འབྲེལ་གྱི་མཛད་རིམ་ལེགས་པར་གྲུབ་རྗེས་༸གོང་ས་མཆོག་དང་ཉི་ཧོང་ཡུལ་གྱི་ནང་པའི་དགོན་པའི་མཁན་པོ་སྐུ་བགྲེས་པ་ཁག་གཅིག་ཉིན་གུང་ལྗངས་སྨིན་ལྷན་བཞེས་མཛད་པ་མ་ཟད། ཉི་ཧོང་གི་ས་གནས་འདྲ་མིན་ནས་ཕེབས་པའི་ཆོས་ལུགས་བསྟི་གནས་ཁང་འདྲ་མིན་གྱི་དབུ་བླ་སོགས་མི་བཅུ་གྲངས་ཤིག་དང་ཟུར་དུ་མཇལ་མོལ་དང་བཀའ་བསྡུར་མཛད།
དེ་ཡང་ཕྱི་ཚེས་ ༡༢ ཉིན་སྔ་དྲོ་ཐོག་མར་༸གོང་ས་མཆོག་གིས་ཉི་ཧོང་གི་བསྟི་གནས་ཁང་འདྲ་མིན་གྱི་འཐུས་མི་ཚོགས་ཁག་གཅིག་ལ་མཇལ་ཁ་སྩལ་བསྟུན། ཉིན་རྒྱབ་ཚོུད་ ༡༢ ནས་ ༣ བར་སྤྱོད་འཇུག་གི་བཀའ་ཆོས་འཕྲོ་སྐྱོང་མཛད་རྒྱུ་ཡིན་འདུག་པ་བཅས།།