༢༠༡༦ ཟླ་ ༡༡ ཚེས་ ༢ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༢ རེས་གཟའ་ལྷག་པ་ཚེས་ཆ་བཟང་ཉིན་དང་སྟབས་བསྟུན་གཞིས་བྱེས་འཕན་པོ་དང་པདྨ་བཀོད་སེར་སྐྱ་མང་ཚོགས་རྣམས་ཀྱིས་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་སྐུ་ཚེ་མི་འཇིག་རྡོ་རྗེའི་ཁམས་སུ་བརྟན་ཅིང་ཐུགས་བཞེད་ལྷུན་འགྲུབ་ཡོང་སླད། ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་སུ་རྟེན་གཞི་བྱས་པའི་རི་དགོན་ཐུབ་བསྟན་སྨིན་གྲོལ་གླིང་གི་དབུ་བླ་སྐྱབས་རྗེ་ནམ་མཁའ་དྲི་མེད་རབ་འབྱམས་རིན་པོ་ཆེ་མཆོག་གིས་རྡོ་རྗེ་སློབ་དཔོན་གནང་ནས་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས། སྐབས་དེར་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན།
དེ་རིང་འདི་གར་རིན་པོ་ཆེས་རྡོ་རྗེ
ངོས་ལྟ་བུ་
དེ་འདྲ་ཡིན་དུས་ད་ལྟ་ངོས་ཀྱི་མི
སྟོན་པ་ཅོམ་ལྡན་འདས་ཀྱི་ཡུམ་རྒྱས་འབྲིང་བསྡུས་གསུམ་གྱིས་མཚོན་པའི་གསུང་དེ་རྣ
ཕྱོགས་མཚུངས་ཆོས་དད་མེད་མཁན་ཚོ་ལ་མཚོན་ནའང་ཁོང་ཚོ་ཆོས་དད་མེད་མཁན་རེད། ཅེས་ཟུར་འབུད་མ་བྱས་པར་ཆོས་ལ་དད་པ་ཡོད་མིན་ལ་མ་ལྟོས་པར་མི་ཞིག་ཡིན་སྟབས། སྨྲ་ཤེས་དོན་གོ་བ་མི་ཞིག་ཡིན་པར་བརྟེན། དུད་འགྲོ་བྱ་དང་བྱིའུ་རིགས་ནི་སྨྲ་ཤེས་དོན་གོ་བ་མིན་པར་བརྟེན་བྱེད་རྒྱུ་གང་ཡང་མེད། དུད་འགྲོ་ཉམ་ཐག་པ་དེ་འདྲ་མཐོང་། བྱ་བྱིའུ་ཉམ་ཐག་པ་དེ་འདྲ་མཐོང་སྐབས་སེམས་སྐྱོ་ནས་སྡོད་རྒྱུ་མ་གཏོགས་བྱེད་རྒྱུ་གང་ཡང་མེད། འགྲོ་བ་མི་ལ་སྐད་ཀྱི་ཐོག་ནས་གོ་བརྡ་སྤྲོད་རྒྱུ་ཞིག་ཡོད། དེར་བརྟེན་ངོས་ཀྱིས་དུས་རྟག་ཏུ་འཛམ་གླིང་འདིའི་སྟེང་འགྲོ་བ་མི་དུང་ཕྱུར་བདུན་བཅུ་ཡོད་ཁོངས་ནས་ངོས་རང་ཡང་མི་ཞིག་ཡིན་སྟབས།
ཕན་ཐོགས་གང་ཐུབ་བསྒྲུབ་ཐབས་བྱེད་བཞིན་ཡོད། བསྒྲུབ་ཐུབ་རྒྱུ་ཁག་པོ་ཡིན་ནའང་སྤྱི་པའི་ལས་འགན་དེ་མི་སྒེར་སོ་སོར་ཡོད་སྟབས་དེ་འདྲའི་འདུ་ཤེས་དང་ངོས་འཛིན་དེ་ལྟར་ཐོག་ནས་ཞབས་འདེགས་སྒྲུབ་ཐབས་བྱེད་བཞིན་ཡོད་གང་ཙམ་ཕན་ཐོགས་ཡང་འདུག དེའི་ཁྲོད་ནས་དམིགས་བསལ་ཆོས་དད་མེད་མཁན་ཚན་རིག་པ་མང་པོ་ཞིག་ཡོད། ཁོང་རྣམས་དང་འབྲེལ་བ་གང་ཙམ་ཡོང་བཞིན་ཡོད། དེ་འདྲ་ཡིན་སྟབས་གང་ལྟར་ད་ལྟ་དངོས་སུ་མཐོང་ཆོས་སུ་གཞན་དོན་བསྒྲུབ་རྒྱུ་གང་ཙམ་ཡོང་བཞིན་ཡོད་སྟབས། ངོས་ནས་ཀྱང་ལུས་རྟེན་འདི་ལོ་གང་མང་མང་ཞིག་འཚོ་ཐུབ་ན་བསམས་པའི་སྨོན་ལམ་འདི་ལྟར་བརྒྱབ་བཞིན་ཡོད་ལ་འདུན་པའང་དེ་ལྟར་གཏོང་བཞིན་ཡོད།
དེའི་ཐོག་ནས་ཁྱེད་རང་ཚོ་ཡིན་ནའང་འདིར་༸གོང་ས་ལྔ་པ་ཆེན་པོའི་དག་སྣང་གསང་བ་རྒྱ་ཅན་གྱི་ཁོངས་ཀྱི་ཆེ་བ་འདིའི་ཐོག་ནས་སྒྲུབ་པ་སྔོན་དུ་སོང་བའི་སྒོ་ནས་བརྟན་བཞུགས་གནང་བ་འདི་ལྟར་རེད། ནུས་པ་ཞིག་ངེས་པར་དུ་ཡོང་གི་རེད། གཙོ་ཆེ་ཤོས་དད་པ་དང་དམ་ཚིག་གི་ནུས་པ་དེ་གཙོ་ཆེ་ཤོས་རེད། དད་པ་དང་དམ་ཚིག་ལྡན་པའི་ཐོག་ནས་གསུང་ཆོག་གནང་ནས་འདི་ལྟར་བྱུང་བ་རེད། ཐུགས་རྗེ་ཆེ།
འཕན་པོ་བ་ཚོར་མཚོན་ནའང་ངོས་ཀྱིས་རྟག་ཏུ་འཕན་པོ་ཤིག་གཟན་པ། ཞེས་རྩེད་མོ་དང་སྦྲགས་འདི་འདྲ་ཤོད་ཀྱི་ཡོད། གང་ཡིན་བརྗོད་ན་འཕན་པོ་བ་ཚོས་ཤིག་སོགས་སན་མོའི་བར་བཙིར་ནས་གསོད་སྐབས་གྲོད་པ་རྒྱག་རྒྱུ་གང་ཡང་མེད་ཀྱང་སེམས་ལ་ཕན་པོ་འདུག ཅེས་ཤོད་སྲོལ་ཡོད།ཅེས་ཞལ་ཤོབ་མཛད་རྗེས་མུ་མཐུད་བཀའ་སློབ་སྩལ་དོན།
ཕྱོགས་མཚུངས་པདྨ་བཀོད་པ་བ་ཚོར་མཚོན་ན་བསམ་པ་རྣམ་དག་རེད། རྒྱ་གར་ཤར་ཕྱོགས་སུ་བོད་མིའི་གཞིས་ཆགས་ཁག་ཏུ་པདྨ་བཀོད་པ་མང་པོ་ཞིག་ཡོད། སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའང་ཕལ་ཆེར་པདྨ་བཀོད་པ་རེད། བདུད་འཇོམས་རིན་པོ་ཆེར་དགའ་ལྡན་ཕོ་བྲང་ལ་ཐུགས་ཞེན་ཧ་ཅང་ཡོད། ཧ་ལས་དགོས་པ་ཞིག་ཡོད། ངོས་རང་ཏོག་ཙམ་ཡ་མཚན་སྐྱེ་བཞིན་ཡོད། ཕྱིས་སུ་ངོ་མཚར་སྐྱེ་བཞིན་འདུག སྐབས་དེར་ངོས་ཀྱིས་ཤུགས་ལྡན་སྟོན་བཞིན་ཡོད། འོན་ཀྱང་རིན་པོ་ཆེར་མཚན་ལམ་བྱུང་བའི་སྐོར་སོགས་ངོས་ལ་ཧ་ཅང་མང་པོ་གསུང་མྱོང་ཡོད། བོད་བསྟན་སྲིད་ཀྱི་དོན་དུ་ཐུགས་ཁུར་ཧ་ཅང་ཡོད། རིན་པོ་ཆེ་འཚོ་ཞིང་བཞེས་སྐབས་ངོས་ཀྱིས་རིས་མེད་སྐྱེས་ཆེན་སྐུ་མདུན་ནས་ཆོས་ཞུ་རྒྱུ་དེ་སྐབས་དེར་ངོས་ཀྱིས་འགོ་ཚུགས་མེད། གང་ལྟར་སྐབས་དེར་ངོས་ཀྱིས་དོལ་རྒྱལ་སྟོན་བཞིན་ཡོད། དེར་བརྟེན་ཆོས་བརྒྱུད་གཙང་མ་དགོས། ཟེར་ནས་རྙིང་མ་ལ་སོགས་པའི་ཆོས་བརྒྱུད་གཞན་ནས་གསུང་ཆོས་ཞུ་རྒྱུ་མི་བདེ་བ་ཡོང་བཞིན་ཡོད།
ཕྱིས་སུ་ངོས་ཀྱིས་ཕྱི་ནང་གི་བརྟག་པ་རིམ་པ་བྱས་ནས་མཐར་ཐག་གཙང་མ་བཅད། ཕྱོགས་གཅིག་ནས་བསམ་བློ་གཏོང་སྐབས་ངོས་ལ་ཆོས་དད་རང་དབང་ཐོབ་པ་རེད། དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་གཙོས་བླ་མ་མང་པོ་ཞིག་སྐུ་མདུན་ནས་གསུང་ཆོས་ཞུས་པ་རེད། སྐབས་དེར་བདུད་འཇོམས་རིན་པོ་ཆེ་འཚོ་ཞིང་བཞེས་ཡོད་ན་ངོས་ཀྱིས་ཆོས་འབྲེལ་ཞུ་རྒྱུ་རེད།
དེར་བརྟེན་བདུད་འཇོམས་རིན་པོ་ཆེ་མཆོག་པདྨ་བཀོད་པ་རེད་ལ་ངོས་དང་དམིགས་བསལ་འབྲེལ་བ་ཞིག་ཀྱང་ཡོད། དེར་བརྟེན་དེ་རིང་འདིར་པདྨ་བཀོད་པ་བ་ཚོས་རྒྱ་གར་ཤར་ནས་འདི་གར་ས་ཐག་ཧ་ཅང་རིང་པོ་རེད། འགྲོ་སོང་ཆེན་པོ་རེད། འོན་ཀྱང་ཁྱེད་ཚོས་དད་དམ་གཡོ་བ་མེད་པར་དེ་རིང་འདིར་འདུས་ནས་བརྟན་བཞུགས་སྨོན་ལམ་བཏོན་པ་རེད། ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ཕྱོགས་མཚུངས་དེ་རིང་ཁྱེད་ཚོས་འདིར་ཀུན་མཁྱེན་འཇིགས་མེད་གླིང་པའི་གསུང་ཞིག་བཏོན་པ་འདི་ཧ་ཅང་སྙིང་རྗེ་མོ་འདུག ཁྱེད་ཚོས་ཚོགས་གླུ་ཞིག་བཏོན་པ་རེད། སེམས་ལའང་ཕན་པོ་འདུག ཧ་ཅང་ཡག་པོ་འདུག འདི་དཔེ་གསར་ལྟ་བུ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་ཚོ་མང་ཆེ་བ་ཕལ་ཆེར་རྡོར་གདན་དུ་དུས་དབང་སྐབས་ཐུག་འདོག་ཁ་པོ་རེད། ལོ་རྗེས་མའི་ཕྱི་ཟླ་གསུམ་པའི་ནང་དུ་ངོས་རང་རྒྱ་གར་ཤར་ཕྱོགས་སུ་འགྲོ་རྒྱུའི་ལས་རིམ་ཞིག་བང་སྒྲིག་ནས་ཡོད། སྐབས་དེར་རྒྱ་གར་ཤར་གྱི་བོད་མིའི་ས་ཁུལ་ཚང་མར་བསླེབས་མིན་མི་ཤེས། ས་ཁུལ་ག་ཚོད་ཁྱབ་ཁྱབ་ཏུ་འགྲོ་དགོས་བསམ་པ་དྲན་བཞིན་ཡོད། འདི་ག་སློབ་དཔོན་ནས་ཀྱང་ཊུ་ཊིང་གཞིས་ཆགས་ལ་ཕེབས་རོགས་གསུང་པ་རེད། ཁ་སང་ཐེངས་གཅིག་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སོགས་མང་པོ་ཞིག་དང་ཐུག་པ་རེད། ཕལ་ཆེ་བ་ངོས་ཤེས་ཤ་སྟག་རེད།
སྐབས་དེར་ཁོང་ཚོས་ངོས་རང་རྒྱ་གར་ཤར་དུ་ཕེབས་རོགས་གསུང་བྱུང་། སྔ་མོའང་སྐད་ཆ་ཞིག་བྱུང་བ་རེད་ལ། ཉེ་ལམ་ཡང་དེ་མཚུངས་སྐད་ཅ་བྱུང་སྐབས་ཕལ་ཆེར་ཕྱི་ཟླ་ ༣ ནང་དུས་ཚོད་ཡོད་པ་ལྟ་བུ་འདུག གནམ་གཤིས་ཡང་སྐབས་དེར་ཡག་པོ་ཡོད་པ་ལྟ་བུ་འདུག དེར་བརྟེན་ངོས་རང་ཡོང་ཆོག ཅེས་ཞུས་པ་ཡིན། ས་གནས་ཁག་མང་པོ་ཞིག་ལ་སྔ་མོ་ཡིན་ན་ལོ་ན་གཞོན་སྐབས་མོ་ཊ་གཞོན་ནས་འགྲོ་སྐབས་དཀའ་ངལ་གང་ཡང་མེད། ད་ཆ་བླ་རྒན་ལོ་ན་ ༨༡ དང་ ༨༢ སྒང་ལ་བསླེབས་ཡོད་སྟབས། བན་རྒན་བླ་རྒན་ཞིག་ཆགས་ནས་ཡོད་སྟབས་མོ་ཊའི་ནང་ཡུན་རིང་འགྲོ་དགོས་ན་ཏོག་ཙམ་དཀའ་ངལ་ཡོད། འོན་ཀྱང་ས་གནས་གཞུང་ནས་ཐད་འཕུར་གནམ་གྲུ་གོ་སྒྲིག་ཡོད་སྟབས་དཀའ་ངལ་གང་ཡང་མེད་སྐོར་གསུང་བྱུང་། སྔ་མོའང་དེ་འདྲ་བྱས་ནས་ཕྱིན་པ་ཡིན། དེར་བརྟེན་ཐེངས་འདིར་ཊུ་ཊིང་ལ་འཁྱུག་ཙམ་ཕྱིན་ནས་ཁྱེད་ཚོ་དང་ཐུག་རྒྱུ་ཡིན། སྔ་མོའང་ངོས་རང་ཐེངས་གཅིག་བསླེབས་པ་རེད། དེར་བརྟེན་ཁྱེད་ཚོ་པདྨ་བཀོད་པ་བ་ཚོ་དང་ཐུག་རྒྱུ་ཡོང་གི་རེད། ཚང་མ་སེམས་སྐྱིད་པོ་དང་བློ་བདེ་པོ་བྱས་ནས་བཞུགས། གང་ལྟར་ངོས་ཀྱི་རྨིས་ལམ་ནང་མཐོང་བ་དང་དེ་བཞིན་ཕལ་ཆེར་སྔོན་གྱི་གཏེར་སྟོན་འགའ་ཤས་ཀྱིས་ལུང་བསྟན་དེ་འདྲ་འགའ་ཤས་མིང་སྒྲ་བྱས་ན་ཕལ་ཆེར་ངོས་རང་མིན་འགྲོ་བསམས་པ་དེ་འདྲ། དཔེར་ན་གཏེར་སྟོན་ཉི་གྲགས་ཀྱི་གསུང་འགའ་ཤས་ཡོང་བ་ཡོད། དེའི་ནང་ལོ་ ༡༡༣ འཚོ་རྒྱུ་རེད། ཅེས་གཏེར་སྟོན་འགའ་ཤས་ཀྱི་ལུང་བསྟན་དེ་འདྲ་འདུག ངོས་རང་རྨིས་ལམ་ནང་དུའང་ལོ་ ༡༡༣ འཚོ་རྒྱུའི་རྨི་ལམ་དེ་འདྲ་བྱུང་།
འོན་ཀྱང་དེ་ཙམ་འཚོ་རྒྱུ་གང་འདྲ་ཡིན་ནམ། ཁག་པོ་མིན་ནམ་བསམ་བཞིན་འདུག འོན་ཀྱང་ལོ་བརྒྱ་བར་སྡོད་ཐུབ་ཆེད་ངོས་ཀྱིས་སྨོན་ལམ་རྒྱག་བཞིན་ཡོད་ལ་དེ་བར་འཚོ་ཐུབ་རྒྱུ་ཕལ་ཆེར་རེད། དེར་བརྟེན་ད་དུང་ལོ་བཅོ་ལྔ་ཉི་ཤུ་འཚོ་ཐུབ་རྒྱུ་རེད། གལ་ཆེ་ཤོས་དེར་ངོས་རང་གསོན་པོར་གནས་ནས་མི་ལ་ཕན་པ་ཞིག་དགོས། དེ་མིན་༸རྒྱལ་བ་རིན་པོ་ཆེ་ཡོད་རེད་ཟེར་རྒྱུ་ཙམ་བྱས་ན་ཕན་རྒྱུ་མེད། ཕན་པའི་ལན་དུ་མཆོད་པ་བྱ་བ་ནི། བསྒོ་བའི་ཚིག་བཞིན་ཉམས་སུ་བླངས་པ་ཡིན། ཞེས་སྐྱེས་རབས་ལས་གསུངས་པ་ལྟར་རེད། དེར་བརྟེན་ངའི་ངོས་ནས་གང་ཐུབ་ཅི་ཐུབ་ཀྱི་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ། དེ་དང་འབྲེལ་ནས་ལྷའི་རྣལ་འབྱོར་འདྲ་མིན་ཉམས་ལེན་བྱེད་བཞིན་ཡོད། དེར་བརྟེན་ངོས་ཀྱིས་ཉམས་ལེན་བྱས་ནས་སེམས་རྒྱུད་ལ་ཕན་བཞིན་འདུག སེམས་ནང་ཞི་བདེ་ཡོང་བ་དང་། དེ་ལ་བརྟེན་ནས་ལུས་ཀྱི་འབྱུང་བ་དེ་དག་སྙོམ་ནས་སེམས་ནང་ཆགས་སྡང་བློ་དེ་དག་ཉུང་དུ་འགྲོ་སྐབས་སེམས་ནང་ཞི་བདེ་ཡོང་བཞིན་ཡོད།
དེར་བརྟེན་ལུས་ཀྱི་འབྱུང་བ་དེ་དག་སྙོམ་པོ་ཡོང་བཞིན་འདུག དེར་བརྟེན་ངོས་ཀྱི་ཆོས་གྲོགས་ཚོར་ངོས་ཀྱིས་ཉམས་མྱོང་ཐོག་ནས་བཤད་ཀྱི་ཡོད། དེར་བརྟེན་ཁྱེད་ཚོས་ཀྱང་ཆོས་བརྗོད་སྐབས་ཁ་ཙམ་ནས་འདོན་རྒྱུ་ཞིག་མིན། ཆོས་ཟེར་སྐབས་སེམས་རྒྱུད་དུལ་དགོས། སེམས་རྒྱུད་མ་དུལ་བ་བྱེད་མཁན་དེ་ཆགས་སྡང་བློ་རེད། ཆགས་སྡང་གི་བློ་དེར་དོ་སྣང་གང་ཡང་མ་བྱས་པར་ང་ཆོས་ཤིག་བྱ་རྒྱུ་ཡིན།་ཞེས་བརྗོད་ན་ཡོང་རྒྱུ་གང་ཡང་མེད། རང་གི་སེམས་ནི་ཡོངས་སུ་འདུལ། འདི་ནི་སངས་རྒྱས་བསྟན་པ་ཡིན། ཞེས་གསུང་ཡོད། སངས་རྒྱས་ཀྱི་བསྟན་པ་བརྗོད་སྐབས་སེམས་རྒྱུད་དུལ་དགོས་པ་ལས་སེམས་རྒྱུད་མ་དུལ་ན་སྔགས་བགྲངས་པ་དང་ཕྱག་འཚལ་སྐོར་སྦྱོང་བྱས་པ་ལྟ་བུས་ཕན་རྒྱུ་མེད། སེམས་རྒྱུད་དུལ་ན་གཟུངས་སྔགས་ལན་གཅིག་བགྲངས་པ་ཡིན་ནའང་འགྲིག་པ་རེད།
དེར་བརྟེན་ཆོས་ལ་དད་པ་མེད་ན་གནས་ཚུལ་ཐ་དད་རེད། ཆོས་ལ་དད་པ་མེད་ནའང་སེམས་པ་བཟང་པོ་བྱེད་དགོས། སེམས་རྒྱུད་དུལ་དགོས། ཞེས་ངོས་ཀྱིས་གོང་དུ་བརྗོད་སྐབས་ང་ཚོ་ཆོས་དད་ཡོད་མཁན་ཡིན་པ་ཙམ་དུ་མ་ཟད། སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་། དེའི་ནང་ཚན་ནས་བོད་གངས་ཅན་གྱི་ལྗོངས་ལ་ཡོད་པའི་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བའི་ཆོས་ཚུལ་འདི་ལྟ་བུ་ཞིག་ཉམས་ལེན་བྱེད་མཁན་ཞིག་གིས་སེམས་རྒྱུད་མ་དུལ་ན། དངོས་གནས་བསྟན་པའི་ཞབས་འདྲེན་རེད། སང་རྒྱས་ཀྱི་བསྟན་པར་ཕན་རྒྱུའི་ཚབ་ཏུ་གནོད་རྒྱུ་རེད། དེར་བརྟེན་ཚང་མས་ཧུར་སྐྱེད་གནང་རོགས་གནང་། ཁྱེད་ཚོས་ཡར་བསྟན་བཞུགས་ཕུལ་ནས་ཚེ་རིང་པོ་ཡོང་བར་ཤོག་ཅེས་ཡར་སྐྱབས་འཇུག་ཞུ་བཞིན་ཡོད། ངོས་ཀྱིས་མར་སྐྱབས་འཇུག་ཞུ་བཞིན་ཡོད། ཁྱེད་ཚོ་ཚང་མ་སེམས་རྒྱུད་དུལ་བ་ཞིག་བྱས་ནས་ཆོས་ཆོས་སུ་སོང་བ་ཞིག་དང་། བཅོམ་ལྡན་འདས་ཀྱི་རྗེས་འབྲང་རྣལ་མ་ཞིག་བྱེད་རོགས་གནང་ཐུགས་རྗེས་གཟིགས། ཞེས་མར་སྐྱབས་འཇུག་ཞུ་རྒྱུ་ཡིན། ཞེས་བཀའ་སློབ་སྩལ།།