༢༠༡༦ ཟླ་ ༡༡ ཚེས་ ༡༡ རེས་གཟའ་པ་སངས།
༄༅། །སྦེལ་ཀོབ་བདེ་སྐྱིད་སླར་གསོ་དང་ལུགས་ཟུང་བསམ་གྲུབ་གླིང་། མོན་གྷོ་འདོད་རྒུ་གླིང་། ཧོན་སུར་རབ་རྒྱས་གླིང་། ཀོ་ལི་གྷལ་དོན་ལྡན་གླིང་བཅས་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ལྔའི་ནང་གི་སོ་ནམ་པ་ཚོར་འདི་ལོའི་དབྱར་དུས་སྐབས་ཆར་ཆུ་དུས་ཐོག་མ་བབ་པ་སོགས་ལ་བརྟེན་ནས་དེ་སྔ་བྱུང་མྱོང་མེད་པའི་སྟོན་ཉེས་ཧ་ཅང་ཚབས་ཆེ་ཕོག་འདུག བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་དྲུང་ཚབ་འཆི་མེད་རིག་འཛིན་ལགས་ཀྱིས་གནད་དོན་འདིའི་སྐོར་འདི་གའི་གསར་འགོད་པར་གསུང་དོན། སྟོན་ཉེས་ཕོག་པའི་སྐབས་ལ་སྟོན་ཉེས་ཀྱི་གུན་སྐྱོབ་གནང་རྒྱུའི་སྒྲིག་གཞི་ཞིག་ཡོད། སྒྲིག་གཞིའི་ནང་མ་ཚུད་པའི་གྱོང་གུན་གང་ཕོག་པ་ཆ་ཚང་ལ་ང་ཚོས་གུན་གསབ་སྤྲོད་ཐུབ་ཐབས་མེད།
གཙོ་བོ་ང་ཚོས་རོགས་རམ་ལ་བརྟེན་དགོས་ཀྱི་ཡོད་པར་བརྟེན། ང་ཚོས་རོགས་ཚོགས་ནས་རོགས་རམ་ཞུ་རྒྱུ་རེད། རོགས་རམ་ཡོད་པའི་ནང་ནས་གང་ཐོབ་པ་འདི་མར་བགོ་རྒྱུ་དང་ནང་སྲིད་ཀྱི་མ་དངུལ་ནས་རོགས་རམ་མང་ཉུང་གྱི་ཁྱད་པར་ལ་བརྟེན་ནས་ནང་སྲིད་ཀྱི་མ་དངུལ་དང་བཀའ་ཤག་ནས་ཕྲན་བུ་ཞིག་དགོངས་བཞེས་གནང་རོགས་ཞེས་ཡར་ཞུས་ནས་བསྡོམས་ག་ཚོད་ཐོབ་པ་འདི་སྒྲིག་གཞི་དགོངས་དོན་ལྟར་བགོ་རྒྱུ་རེད།
ད་ཐེངས་ཀྱི་སྟོན་ཉེས་འདི་དང་པོ་མ་རེད། ནམ་རྒྱུན་ནས་སྟོན་ཉེས་ཕོག་བཞིན་ཡོད་པ་རེད། ང་ཚོས་འབོད་སྐུལ་ཞུ་ས་ཁག་གསུམ་ཙམ་ཆགས་ཀྱི་ཡོད།
དང་པོ། ཕྱི་རྒྱལ་རོགས་ཚོགས་ཁག་ལ་ང་ཚོས་འབོད་སྐུལ་ཞུ་རྒྱུ་རེད། འབོད་སྐུལ་ཞུ་རྒྱུར་ཨིན་ཇིའི་ཐོག་ནས་དྲ་ཚིག་ཐོག་ལ་གཏོང་རྒྱུ་དང་རོགས་ཚོགས་ཁ་བྱང་ཡོད་ས་ཚང་མར་རོགས་ཚོགས་ཁ་བྱང་བརྒྱུད་ནས་གཏོང་རྒྱུ་དང་།
གཉིས་པ། ཕྱི་རྒྱལ་སྐུ་ཚབ་དོན་གཅོད་བརྒྱུད་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཡོད་པའི་བོད་མི་རྣམས་བརྒྱུད་ནས་ཞལ་འདེབས་བསྡུ་རྒྱུ།
གསུམ་པ། རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བོད་མི་དང་། དགོན་སྡེ། ཚོགས་སྡེ་སོགས་བརྒྱུད་ནམ་རྒྱུན་ནས་རོགས་རམ་ཞུ་བཞིན་ཡོད། དེ་ལྟར་འབོད་སྐུལ་ཞུ་རྒྱུ་རེད།
ཞལ་འདེབས་བསྡུ་ཡུལ་གྱི་འབྲེལ་གཏུགས་ཁ་བྱང་དང་ཞལ་དཔར་ཨང་གྲངས་སོགས་ཡིག་ཐོག་ནས་དྲ་རྒྱའི་ཐོག་འཇོག་རྒྱུ་དང་། ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁག་ཏུ་ཨིན་སྐད་ཐོག་ FC ཞེས་ཕྱི་རྒྱལ་རོགས་དངུལ་ལེན་ཆོག་རྒྱུའི་དངུལ་ཁང་གི་ཨང་གྲངས་དང་བཅས་པ་གསལ་བསྒྲགས་གཏོང་བཞིན་ཡོད། རྒྱ་བལ་འབྲུག་གསུམ་ནང་ཡོད་མཁན་རྣམས་དུས་རྒྱུན་དངུལ་ལེན་རྒྱུའི་མཐུན་རྐྱེན་ཐོག་ནས་ང་ཚོའི་དངུལ་ཁང་གི་ཨང་གྲངས་མི་འདྲ་བ་གཉིས་ཡོད། དེ་དག་ཆ་ཚང་ང་ཚོས་ཡིག་ཐོག་དྲ་རྒྱ་ནང་འཇོག་རྒྱུ་དང་། ཚགས་ཤོག་ནང་འགྲེམས་སྤེལ་བྱེད་བཞིན་ཡོད། ལས་གཞི་འདི་དེ་རིང་སྤེལ་རྒྱུའི་ལས་རིམ་ནང་ཡོད།
བར་ལམ་ལྡི་ལི་ལལ་ཀི་ལའི་བོད་མི་སུད་ཚོང་བ་རྣམས་ལ་མེ་སྐྱོན་ཤོར་བ་བཅས་དཀའ་ངལ་གཉིས་འཛོམས་བྱུང་བར་བརྟེན་ཏོག་ཙམ་འགོར་བ་མ་གཏོགས་ད་ལྟ་སྟོན་ཉེས་ངལ་སེལ་ཆེད་རོགས་དངུལ་གཏོང་རྒྱུའི་དུས་ཚོད་ཟིན་ཡོད།
ཨོ་རི་སའི་སྟོན་ཉེས་ཤོར་སྟངས་དེ་མི་འདྲ་བ་ཞིག་རེད། སྟོན་ཉེས་ཤོར་སྟངས་འགའ་ཤས་འབྱུང་བའི་གནོད་སྐྱོན་ཚབས་ཆེ་བྱུང་ནས་འཛམ་གླིང་ནང་ཡོངས་གྲགས་ཆགས་ཀྱི་འདུག དེ་ལ་བརྟེན་ནས་དངུལ་མང་པོ་ཐོབ་པ་ཡིན་དུས། གང་ཐོབ་པ་རྣམས་མི་མང་ལ་བགོ་རྒྱུ་བྱས་ནས་བགོས་པ་རེད། ཅེས་གསུངས།
དེ་ཡང་ནང་སྲིད་ལས་ཁུངས་ཀྱི་ཟུང་དྲུང་ཚེ་རིང་རྡོ་རྗེ་ལགས་ལྷོ་གཞིས་ཁག་གཅིག་ནང་ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༤ ནས་ ༡༢ བར་སྟོན་ཉེས་ཚབས་ཆེ་ཆུང་ཇི་ཙམ་ཕོག་མིན་ཐད་ཉམས་ཞིབ་གནང་འདུག
དེ་ཡང་ཁོང་གིས་ཉམས་ཞིབ་གནང་བའི་སྙན་ཐོ་ལྟར་ན།
ཆར་ཆུ་མ་བབ་པའི་རྐྱེན་གྱིས་གྱོང་གུན་ཇི་བྱུང་ཚོད་དཔག་གཤམ་གསལ།
༡། ཀོ་ལི་གྷལ།
ཨང་། | སྟོན་ཉེས་གྱོང་གུན་ཇི་བྱུང༌། | ཨེ་ཀར་གྲངས། | གྱོང་གུན་དངུལ་འབོར། |
༡ | གྱོང་གུན་བརྒྱ་ཆ་ ༡༠༠ | ༡༣༠༨་༤༤ | ༡༩༥༥༩༨༦༩་༥༦ |
༢ | གྱོང་གུན་བརྒྱ་ཆ་ ༩༠ | ༧༦༧་༧༦ | ༡༠༣༢༣༦༠༠་༠༡ |
༣ | སྟོན་ཐོག་འདེབས་ལས་གྲ་སྒྲིག་བྱས་ཡོད་ནའང་ཆར་ཆུ་མ་འབབ་པའི་རྐྱེན་གྱི་འདེབས་ལས་མ་ཐུབ་པ། | ༨༠་༨༥ | ༡༤༨༧༦༤་༠༠ |
བསྡོམས། | ༢༡༥༧་༡ | ༣༠༠༣༢༢༣༣་༥༧ |
༢། ཧོན་སུར་རབ་རྒྱས་གླིང༌།
ཨང་། | སྟོན་ཉེས་གྱོང་གུན་ཇི་བྱུང༌། | ཨེ་ཀར་གྲངས། | གྱོང་གུན་དངུལ་འབོར། |
༡ | གྱོང་གུན་བརྒྱ་ཆ་ ༧༠ | ༡༠༥་༥ | ༡༡༠༣༩༨༣་༦༥ |
༢ | གྱོང་གུན་བརྒྱ་ཆ་ ༦༥ | ༡༡༠་༩ | ༡༠༧༧༥༩༨་༦༧ |
༣ | གྱོང་གུན་བརྒྱ་ཆ་ ༥༠ | ༡༣་༢ | ༩༨༦༦༣་༤༠ |
བསྡོམས། | ༢༢༩་༦ | ༢༢༨༠༢༤༥་༧༢ |
༣། སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང༌།
ཨང་། | སྟོན་ཉེས་གྱོང་གུན་ཇི་བྱུང༌། | ཨེ་ཀར་གྲངས། | གྱོང་གུན་དངུལ་འབོར། |
༡ | གྱོང་གུན་བརྒྱ་ཆ་ ༤༠ | ༣༦༢ | ༢༡༦༤༦༡༥་༢༠ |
༢ | གྱོང་གུན་བརྒྱ་ཆ་ ༣༠ | ༣༢ | ༡༤༣༥༡༠་༤༠ |
༣ | གྱོང་གུན་བརྒྱ་ཆ་ ༢༠ | ༣༠ | ༨༩༦༩༤་༠༠ |
བསྡོམས། | ༤༢༤ | ༢༣༩༧༨༡༩་༦༠ |
༤། མོན་གྷོ་འདོད་རྒུ་གླིང༌།
ཨང་། | སྟོན་ཉེས་གྱོང་གུན་ཇི་བྱུང༌། | ཨེ་ཀར་གྲངས། | གྱོང་གུན་དངུལ་འབོར། |
༡ | གྱོང་གུན་བརྒྱ་ཆ་ ༥༠ ནས་ ༦༠ | ༡༨༨་༤ | ༡༤༨༠༥༠༢་༠༠ |
༢ | གྱོང་གུན་བརྒྱ་ཆ་ ༦༡ ནས་ ༧༠ | ༦༨ | ༦༩༧༢༠༠་༠༠ |
༣ | གྱོང་གུན་བརྒྱ་ཆ་ ༧༡ ནས་ ༨༠ | ༧༩ | ༨༢༥༤༢༤་༠༠ |
བསྡོམས། | ༣༣༥་༤ | ༣༠༠༣༡༢༦་༠༠ |
གཞིས་ཆགས་བཞིའི་གྱོང་གུན་ཁྱོན་བསྡོམས་དངུལ་འབོར་ཇི་བབ་གཤམ་གསལ།
ཨང་། | སྟོན་ཉེས་གྱོང་གུན་ཇི་བྱུང༌། | ཨེ་ཀར་གྲངས། | གྱོང་གུན་དངུལ་འབོར། |
༡ | ཀོ་ལེ་གྷ་དོན་ལྡན་གླིང༌། | ༢༡༥༧་༡ | ༣༠༠༣༢༢༣༣་༥༧ |
༢ | ཧོན་སུར་རབ་རྒྱས་གླིང༌། | ༢༢༩་༦ | ༢༢༨༠༢༤༥་༧༢ |
༣ | སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང༌། | ༤༢༤ | ༢༣༩༧༨༡༩་༦༠ |
བསྡོམས། | ༢༨༡༠་༧ | ༣༤༧༡༠༢༩༨་༨༩ |