༢༠༡༦ ཟླ་ ༡༡ ཚེས་ ༢༥ རེས་གཟའ་པ་སངས།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆེན་པོ་ཧོར་གྱི་ཡུལ་དུ་མཛད་འཕྲིན་ཉིན་མཐའ་མའི་སྐབས་ཏེ། ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༢༣ ཉིན་མགོན་པོ་གང་ཉིད་མཆོག་གི་བཞུགས་གནས་གསོལ་མགྲོན་ཁང་ནས་གནམ་ཐང་དུ་ཆིབས་སྒྱུར་བསྐྱངས་གནང་མ་མཛད་གོང་། གསར་འགོད་པ་མི་གྲངས་ ༥༠ ཙམ་ལ་ཐེངས་འདིར་སོག་ཡུལ་ཁུལ་དུ་ཆིབས་སྒྱུར་བསྐྱངས་གནང་མཛད་པའི་སྐོར་བཀའ་ སློབ་དང་དྲི་བ་རྣམས་ལ་བཀའ་ལན་སྩལ་དོན། ཧོར་གྱི་ཡུལ་འདིར་མཚོན་ན་ང་ཚོ་ཧ་ལམ་ལོ་ངོ་སྟོང་ཕྲག་གཉིས་གསུམ་རིང་ནས་འབྲེལ་བ་ཤུགས་ཆེན་པོ་བྱུང་ཡོད། ནང་ཆོས་མ་དར་གོང་ནས་ཕལ་ཆེར་འབྲེལ་བ་ཡོད་རེད་བསམ་བཞིན་འདུག ང་ཚོ་མིའི་ཕུང་པོའི་གྲུབ་ཆ་ནས་བརྩི་བ་ཡིན་ནའང་བོད་མི་དང་སོག་པོ་གཉིས་ཀའི་ལུས་པོའི་སྟེང་ནག་བྲིས་ཡོད་པ་གཅིག་པ་རེད་འདུག གང་ལྟར་ང་ཚོའི་རིག་གཞུང་གོམས་འདྲིས་མང་པོ་ཞིག་ཐོག་ནས་སྔ་མོ་ཡིན་ན་དབུས་ཨེ་ཤི་ཡ་དེའི་ནང་འབྲེལ་བ་ཧ་ཅང་ཡོད་ས་རེད།
བར་སྐབས་སོག་ཡུལ་ནང་ལ་མཚོན་ན་དཀའ་ངལ་ཧ་ཅང་འཕྲད་ཡོད་ཀྱང་ད་ཆ་རང་དབང་ཐོབ་ནས་ཁྱེད་ཚོས་ཀྱང་སོ་སོའི་ཆོས་དང་རིག་གཞུང་དེ་དག་ཉམས་པ་སོར་ཆུད་མི་ཉམས་རྒྱུན་འཛིན་ཡོང་སླད་ཁྱེད་ཚོས་འབད་བརྩོན་བྱེད་བཞིན་འདུག ཧ་ཅང་ཡག་པོ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔལ་ན་ལེནྡྲའི་ལྟ་གྲུབ་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་ཡོང་རྒྱུ་ཟེར་བ་དེ་ལྷ་ཁང་དང་སྐུ་འདྲ་ཙམ་བཞེངས་པ་དང་འདོན་པ་བཏོན་པས་ཕན་རྒྱུ་མེད། སློབ་སྦྱོང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་འདུག
དེ་ནས་དོན་ཚན་གཅིག་ལ་རྗེ་བཙུན་དམ་པ་ལོ་རྒྱུས་ཐོག་ནས་བོད་དང་འབྲེལ་བ་ཧ་ཅང་ཡོད། ༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དང་ཡང་འབྲེལ་བ་ཧ་ཅང་ཡོད། ལྷག་པར་ཞིང་གཤེགས་དམ་པ་ཁོང་ལ་མཚོན་ན་ངོས་རང་ཆུང་དུས་ནས་ངོ་ཤེས་རེད། དམིགས་བསལ་འབྲེལ་བ་ཡོད། ཁོང་སྐུ་གཤེགས་ཁར་ས་ཆ་གང་དུ་སྐུ་གཤེགས་དགོས་མིན་དང་། དུས་ཚོད་ནམ་གཤེགས་དགོས་མིན་ངོས་ལ་བཀའ་འདྲི་གནང་བྱུང་། ངོས་རང་ཡང་ཏོག་ཙམ་ཡ་མཚན་པོ་ཞིག་བྱུང་། རིན་པོ་ཆེ་མ་གཤེགས་གོང་ཁོང་དང་མཇལ་འཕྲད་མཐའ་མའི་སྐབས་ངོས་ཀྱིས་ཞུ་རྒྱུ་བྱུང་། ད་ཆ་རིན་པོ་སྐུ་གཟུགས་ཡག་པོ་མིན་འདུག དགུང་ལོ་ཡང་བགྲེས་པོ་རེད། སྐུ་སྐྱེ་རྗེས་མར་དགོངས་པ་བཞེས་རྒྱུའི་མཚམས་ལ་བསླེབས་འདུག སྐུ་སྐྱེ་རྗེས་མ་དེ་ངེས་པར་དུ་སོག་ཡུལ་ནང་ཕེབས་དགོས་རེད། ཅེས་ངོས་ཀྱིས་དེ་འདྲ་ཞུས་པ་ཡིན། དེར་བརྟེན་རིན་པོ་ཆེའི་ཡང་སྲིད་ཐད་ལ་ཕྱོགས་གཅིག་ནས་ངོས་རང་འདིར་༸རྒྱལ་དབང་གི་མིང་ཞིག་ཡོད་པའི་ཆ་ནས་འབྲེལ་བ་ཞིག་ཡོད་ལ། ངོས་རང་མི་སྒེར་གྱི་ངོས་ནས་བཤད་པ་ཡིན་ནའང་རིན་པོ་ཆེ་དང་ངོས་གཉིས་གྲོགས་པོ་ཉེས་པོ་ཡིན། དེར་བརྟེན་ངོས་ལ་ལས་འགན་ཞིག་ཀྱང་ཡོད། ད་ཆ་ཡང་སྲིད་སོག་ཡུལ་དུ་ཕེབས་ཡོད་པའི་མཚན་མ་ཞིག་འཆར་བཞིན་འདུག འོན་ཀྱང་ད་ལྟ་ཧ་ཅང་ཆུང་ཆུང་རེད། དེར་བརྟེན་ད་ལྟ་ཡོངས་གྲགས་གསལ་བསྒྲགས་བྱ་རྒྱུར་བྲེལ་བ་དེ་ཙམ་མེད་པ་ལྟ་བུ་འདུག ལོ་གསུམ་བཞི་བཞི་ལྔ་ཙམ་ཕྱིན་པའི་མཚམས་ལ་གཞི་ནས་བབ་ལ་བལྟ་རྒྱུ་རེད།
དངོས་ཡོད་གནས་ཚུལ་ལའང་ཕྲུ་གུ་ཆུང་ཆུང་ཞིག་བཞུགས་ཁྲིའི་སྟེང་བཞག་ནས་བྱིན་རླབས་ཆེ་རྒྱུ་གང་ཡང་མེད། ཡང་སྲིད་འདི་སློབ་གཉེར་གནང་ནས་རིམ་བཞིན་ལུང་རྟོགས་ཀྱི་བསྟན་པ་བཤད་སྒྲུབ་གཉིས་ཀྱིས་འཛིན་ཐུབ་པ་ཞིག་བྱུང་ན་དངོས་གནས་དྲང་གནས་བསྟན་པའི་བྱ་བའང་གནང་ཐུབ་རྒྱུ་རེད། འགྲོ་བ་ལའང་ཕན་ཐོགས་གནང་ཐུབ། ངོས་ཀྱིས་བོད་མི་ཚོར་དུས་རྟག་ཏུ་བཞུགས་ཁྲི་མཐོན་པོས་བསྟན་པ་འཛིན་རྒྱུ་མ་རེད། ཅེས་ཤོད་བཞིན་ཡོད། ང་ཚོ་སྔ་མོ་བོད་ལ་བླ་མ་མཐོན་པོ་རེད། ཅེས་བཞུགས་ཁྲི་མཐོན་པོའི་སྒང་ལ་བཞག་ནས་ཡོན་ཏན་ཐམས་ཅད་མ་ལུས་ཐུགས་སུ་ཆུད། ཟེར་ནས་བརྗོད་སྲོལ་ཡོད། དེ་ནི་སྔ་མོ་མང་ཚོགས་རྣམས་ལ་ཤེས་ཡོན་དེ་ཙམ་མེད་པའི་སྐབས་ལ་དེ་འདྲ་ཞིག་ཆགས་པ་རེད། དེར་ང་ཚོས་འགྱུར་བཅོས་གཏོང་དགོས། དེ་རྗེས་ལུས་རེད།
མཐའ་མ་དེར་དེ་རིང་ངོས་རང་འདིར་ཡོང་ཐུབ་པ་བྱུང་ཡོད། འདི་གར་དགའ་ལྡན་དགོན་པས་རྐང་འགན་ཁུར་བཞེས། སྲིད་འཛིན་མཆོག་ནས་དམིགས་བསལ་ཐུགས་ཁུར་བཞེས་ནས་ངོས་རང་ངོས་ནས་ཀྱང་བསྟན་པ་དང་འགྲོ་བའི་དོན་ལ་ཕྲན་བུ་ཕན་ཐོགས་བྱུང་སོང་བསམ་པའི་ཡིད་ཚིམས་པ་བྱུང་། ཞེས་བཀའ་སློབ་སྩལ་རྗེས་གསར་འགོད་པའི་དྲི་བར་བཀའ་ལན་སྩལ།།