༢༠༡༦ ཟླ་ ༡༡ ཚེས་ ༢༥ རེས་གཟའ་ཕུར་བུ།
༄༅། །འདི་གར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༢༢ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཱ་ཅཱ་རྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག སྤྱི་འཐུས་དཀོན་མཆོག་ཡར་འཕེལ་མཆོག དཔལ་ལྡན་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག དེ་བཞིན་ཚོགས་དྲུང་ལས་ཁུངས་ཀྱི་ཟུང་དྲུང་བསྟན་འཛིན་ཆོས་སྒྲོན་ལགས། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་དྲུང་ཆེ་སྨན་པ་ཚེ་རིང་མཚམས་གཅོད་ལགས་བཅས་རྒྱ་གར་རྒྱལ་ས་ལྡི་ལིར་གཞུང་འབྲེལ་ཆེད་བཅར་དང་འབྲེལ་དེ་ཉིན་གྱི་དགོང་མོ་ཆུ་ཚོད་ ༦།༢༠ ཐོག་རྒྱ་གར་དབུས་གཞུང་ཨཱ་ཡུ་ཤའི་བློན་ཆེན་སྐུ་ཞབས་ཤྲི་ཤྲི་པ་ད་ཡེ་སོ་ནཱ་ཡ་ག་ (Shri Shripad Yesso Naik) མཆོག་དང་མཇལ་འཕྲད་གནང་། མཇལ་ཕྲད་སྐབས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ནས་ད་ལྟའི་བོད་ནང་རང་ལུས་མེར་སྲེག་གིས་གཙོས་ཛ་དྲག་གི་གནད་དོན་དང་བོད་དོན་དཀའ་རྙོག་སེལ་ཐབས་གྲོས་ཚོགས་གོང་འོག་གི་འཐུས་མི་རྣམ་པས་རྒྱབ་སྐྱོར་ཡོང་བ་བཅས་འབོད་སྐུལ་ཞུ་ཡིག་དང་འབྲེལ་བཀའ་བསྡུར་ཞུས་པ་དང། དེ་རྗེས་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་དང་གསོ་རིག་ལྷན་ཚོགས་ཀྱི་དྲུང་ཆེ་སྨན་པ་ཚེ་རིང་མཚམས་གཅོད་ལགས། ལྷན་ཚོགས་ཀྱི་སློབ་སྟོན་པ་ཨཱ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་བོད་ཀྱི་གསོ་བ་རིག་པ་དང་འབྲེལ་བའི་གནད་དོན་ཐོག་བཀའ་བསྡུར་ཞུས། བློན་ཆེན་མཆོག་ནས་ཞུ་དོན་ཁག་ལ་ཐུགས་སྣང་ཆེན་པོས་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར་གསུངས་ཡོད་པ་བཅས།།