༢༠༡༦ ཟླ་ ༡༡ ཚེས་ ༢༨ རེས་གཟའ་ཟླ་བ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕྱི་ཚེས་ ༢༠ ནས་ ༢༣ ཉིན་སོག་ཡུལ་ཁུལ་གྱི་མཛད་འཕྲིན་ཁག་རེ་ཞིག་ཡོངས་སུ་ལེགས་གྲུབ་རྗེས་ཕྱི་ཚེས་ ༢༤ ཉིན་སླར་ཡང་ཉི་ཧོང་དུ་ཆིབས་སྒྱུར་བསྐྱངས་ནས་ཕྱི་ཚེས་ ༢༤ ནས་༢༥ བར་ཉིན་གྲངས་གཉིས་རིང་མགོན་པོ་གང་ཉིད་མཆོག་དང་ཐུགས་འདྲིས་ཧ་ཅང་ཆེ་བའི་ཉི་ཧོང་གི་ཆོས་གྲོགས་ཤིག་གི་གཟིམ་ཁང་དུ་༸སྐུ་ངལ་གསོ་གནང་མཛད་རྗེས། ཕྱི་ཚེས་ ༢༦ ཉིན་སླར་ཡང་བསྟན་འགྲོའི་ཕན་བདེའི་སླད་ཉི་ཧོང་གི་གྲོང་ཁྱེར་ཀ་ན་ཛ་ཝ་ Kanazawa ནས། ཨོ་མི་ཡ་གྲོང་ཁྱེར་ Omiya ཕྱོགས་སུ་འཛམ་གླིང་ནང་མེ་འཁོར་མགྱོགས་ཤོས་སུ་གྲགས་པ་བྷུ་ལི་ཊེན་ bullet train ཞེས་པའི་ནང་ཆིབས་སྒྱུར་བསྐྱངས་ནས་ཁུལ་དེར་༸ཞབས་སོར་འཁོད་མཚམས། རླངས་འཁོར་བརྒྱུད་ས་ཡི་ཏ་མའི་སྨན་གྱི་མཐོ་སློབ་ Saitama Medical University ཏུ་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུ་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས་ཁུལ་དེར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ནས་༸ཞབས་སོར་འཁོད་འཕྲལ། ཉེ་ལམ་མཐོ་སློབ་ཀྱི་གཙོ་འཛིན་སྐུ་ཞབས་མ་རུ་ཀི་ཀི་ཡོ་ཧི་རོ་ Maruki Kiyohiro མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་བརྟེན་ཤུལ་ལུས་ནང་མི་ལྟོས་བཅས་རྣམས་ལ་ཐུགས་གསོ་མཛད།
དེ་ཡང་མ་རུ་ཀི་ཀི་ཡོ་ཧི་རོ་དམ་པ་ཁོང་གི་ཡབ་དམ་པ་སྐུ་ཞབས་མ་རུ་ཀི་ཀི་ཡོ་མི་ Maruki Kiyomi མཆོག་ནི་ས་ཡི་ཏ་མའི་སྨན་གྱི་མཐོ་སློབ་དང་སྨན་ཁང་ Saitama Medical University & Hospital འདི་ཉིད་ཐོག་མར་དབུ་འཛུགས་གནང་མཁན་ཡིན་འདུག་པ་མ་ཟད། ཕྱི་ལོ་ ༡༩༦༥ ལོར་བོད་མི་སྐྱབས་བཅོལ་བ་མི་གྲངས་ལྔ་ལ་ཉི་ཧོང་ནང་ཤེས་ཡོན་སློབ་གཉེར་ཆེད་སློབ་ཡོན་གྱི་མཐུན་འགྱུར་རོགས་རམ་གནང་རྗེས། རིམ་བཞིན་སློབ་ཡོན་མཐུན་འགྱུར་དེའི་འོག་བོད་མི་ ༢༡ ཉི་ཧོང་དུ་བསྐྱོད་ནས་སློབ་སྦྱོང་གི་གོ་སྐབས་ཐོབ་པ་བྱུང་འདུག
མཐོ་སློབ་ཀྱི་དགེ་ལས་མཐོ་གྲས་ཁག་གཅིག་དང་ལྷན་ཉིན་གུང་ལྗགས་སྨིན་གྲུབ་བསྟུན་༸གོང་ས་མཆོག་མཐོ་སློབ་ཀྱི་ཚོགས་ཁང་གསར་རྒྱག་ལེགས་གྲུབ་བྱུང་བ་དེར་ཆིབས་སྒྱུར་བཀའ་དྲིན་བསྐྱངས། ཁུལ་དེར་མཐོ་སློབ་ཀྱི་ཚོགས་མི་རྣམས་དང་དེ་སྔ་ཉི་ཧོང་སློབ་ཡོན་ཐོག་སློབ་གཉེར་གནང་མཁན་བོད་མི་ཁག་གཅིག་དང་ཁོང་ཚོའི་ནང་མི་བཅས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས།
དེ་རྗེས་སྡིངས་ཆའི་སྟེང་༸ཞབས་སོར་འཁོད་བསྟུན་མཐོ་སློབ་ཀྱི་གཙོ་འཛིན་དམ་པ་སྐུ་ཞབས་ Maruki Kiyohiro མཆོག་གི་སྲས་མ་རུ་ཀི་ཀི་ཡོ་ཡུ་ཀི་ Maruki Kiyoyuki མཆོག་གིས་༸གོང་ས་མཆོག་མཐོ་སློབ་ཏུ་ཆིབས་སྒྱུར་བསྐྱངས་གནང་མཛད་པར་བཀའ་དྲིན་ཆེ་ཞུ་དང་སྦྲགས་ངོ་སྤྲོད་ལས་རིམ་གཙོ་སྐྱོང་ཞུས། སྐབས་དེར་ཁོང་གིས་༸གོང་ས་མཆོག་ས་ཡི་ཏ་མའི་ Saitama ནང་ཆིབས་སྒྱུར་བསྐྱངས་ཐེངས་གསུམ་པ་ཆགས་ཡོད་པ་དང་། ཁོང་གི་ནང་མི་དང་བོད་མིའི་དབར་འབྲེལ་བ་ཐོག་མ་བྱུང་ནས་ད་བར་མི་ལོ་ ༤༩ ཕྱིན་ཡོད་སྐོར་སྙན་སེང་ཞུས།
༸གོང་ས་མཆོག་གིས་ཐོག་མར་མ་རུ་ཀི་མི་རབས་གསུམ་གྱིས་མགོན་པོ་གང་ཉིད་མཆོག་ལ་ད་བར་སེམས་ཐག་ཧ་ཅང་ཉེ་བའི་མཛའ་བརྩེའི་འབྲེལ་ལམ་རྒྱུན་སྐྱོང་ཞུ་མུས་དེར་ཡི་རང་བསྔགས་བརྗོད་དང་སྦྲགས་བཀའ་སློབ་སྩལ་དོན། གང་དུ་སྐྱེ་བ་ཡོད་པ་དེར་འཆི་བའང་ཡོད། དུས་ཚོད་ནི་དུས་རྟག་ཏུ་འགྲོ་འགྲོ་སྡོད་རྒྱུ་རེད། དེར་བརྟེན་གནས་སྟངས་ཡང་འགྱུར་བ་འགྲོ་རྒྱུ་ཡིན་པ་ནི་ཆོས་ཉིད་ཡིན། ང་ཚོ་སུ་ཡིན་རུང་སྐྱེ་བའི་མཐའ་མར་འཆི་རྒྱུ་རེད། གལ་ཆེ་ཤོས་དེར་ང་ཚོ་སོན་པོ་སྡོད་རིང་མི་ཚེ་དོན་དང་ལྡན་པ་ཞིག་ཐོག་ནས་བསྐྱལ་ཐུབ་པ་བྱེད་དགོས།
མ་རུ་ཀི་ཕ་བུ་དམ་པ་གཉིས་ལྟ་བུར་མཚོན་ན་གཞན་ཕན་བྱ་བ་རྒྱ་ཆེ་བསྒྲུབས་ཡོད་པ་མ་ཟད། ལྷག་པར་བོད་མིར་རོགས་ཕན་ཧ་ཅང་གནང་མཁན་ཞིག་ཡིན། ང་ཚོ་བོད་མི་ཚོ་བཙན་བྱོལ་དུ་འབྱོར་འཕྲལ་བོད་ནང་གནས་ཚུལ་གང་བྱུང་མིན་ཤེས་མཁན་ཧ་ཅང་ཉུང་ཉུང་རེད།
དུས་སྐབས་དེར་མ་རུ་ཀི་དམ་པའི་ཡབ་ཞིང་གཤེགས་ཁོང་གིས་བོད་མི་རྣམས་ལ་རོགས་རམ་ཧ་ཅང་གནང་བ་དེ་ང་ཚོས་དུས་རྟག་ཏུ་སྙིང་བཅངས་ཞུ་བཞིན་ཡོད། འདི་གར་མ་རུ་ཀི་ཀི་ཡོ་ཡུ་ཀུ་མཆོག་ལ་མཚོན་ན། དངོས་གནས་དྲང་གནས་ཁ་ཞེ་གཉིས་མེད་ཐོག་ནས་བོད་མིར་ཧ་ཅང་སེམས་ཐག་ཉེ་པོ་བྱས་ནས་གདུང་སེམས་མཉམ་སྐྱེའི་ཐོག་རོགས་རམ་གནང་མཁན་མ་རུ་ཀི་མི་ཐོག་གསུམ་པ་ཆགས་ཡོད། ཁྱེད་ནས་ཀྱང་རང་གི་ཕ་མེས་ཚོས་བོད་མིར་རྒྱབ་སྐྱོར་དང་ཤ་ཚ་གནང་བ་ལྟར་མུ་མཐུད་ང་ཚོར་རྒྱབ་སྐྱོར་གནང་རྒྱུའི་ཁས་ལེན་གནང་བ་དེར་ངོས་ཀྱི་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཞེས་བཀའ་སློབ་སྩལ་རྗེས་ཚོགས་བཅར་བ་རྣམས་ལ་བྱམས་བརྩེའི་ཉམས་ལེན་གལ་ཆེའི་སྐོར་བཀའ་སློབ་སྩལ།།