༢༠༡༦ ཟླ་ ༡༡ ཚེས་ ༩ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༩ ཉིན་རྡ་སྟེང་བོད་ཁྱིམ་གྱི་ཉེ་འཁྲིས་སུ་ཡོད་པའི་ཨིནྡྲ་པྲཱ་སི་ཐ་གསོལ་མགྲོན་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་རྒྱ་ཡིག་ཚན་པའི་གོ་སྒྲིག་འོག བོད་མིའི་སྒྲིག་འཛུགས་ཀྱི་རྒྱ་རིགས་ལས་དོན་དང་འབྲེལ་བའི་ལོ་འཁོར་ཚོགས་འདུ་ཐེངས་བཞི་པ་དབུ་འཛུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས། དྲིལ་བསྒྲགས་དྲུང་ཆེ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དྲུང་ཆེ་ཤ་འབྲོང་བཀྲ་ཤིས་རྒྱ་མཚོ་ལགས། ཕྱི་དྲིལ་དྲུང་འཕར་ཚེ་རིང་དབྱངས་སྐྱིད་ལགས། དྲུང་འཕར་འཆི་མེད་ཚེ་དབྱངས་ལགས། ཕྱི་དྲིལ་རྒྱ་ཡིག་ཚན་པའི་འགན་འཛིན་ཤར་ཙོང་བསྟན་འཛིན་བདེ་ལྡན་ལགས། ཐེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས། ཨ་རིའི་རྒྱ་རིགས་འབྲེལ་མཐུད་པ་དྲུང་འཕར་ཀུན་དགའ་བཀྲ་ཤིས་ལགས། ཟུང་དྲུང་བསོད་ནམས་རྡོ་རྗེ་ལགས། རྒྱ་ཡིག་ཚན་པའི་ལས་བྱེད། ཕྱི་དྲིལ་འཆར་འགོད་འགན་འཛིན་བཀྲ་ཤིས་དབྱངས་འཛོམས་ལགས། འཕྲོད་བསྟེན་ལས་བྱེད་བསོད་ནམས་སྒྲོལ་མ་ལགས། ཏཱ་ལའི་བླ་མ་མཐོ་སློབ་ཀྱི་རྒྱ་སྐད་ཚན་པའི་སློབ་མ་བཞི། ཨ་རི་ནས་རྒྱ་སྐད་ཤེས་མཁན་ན་གཞོན་བཞི། ཡུ་རོབ་ནས་རྒྱ་སྐད་ཤེས་མཁན་ན་གཞོན་གཅིག ཐེ་ཝན་ནས་རྒྱ་སྐད་ཤེས་མཁན་ན་གཞོན་གསུམ། མེག་ལོར་དུ་རྟེན་གཞི་བྱས་པའི་འབྲེལ་བ་ལས་ཁུངས་ཀྱི་ལས་བྱེད་གཉིས། ལྡི་ལིའི་ཤར་ཨེ་ཤི་ཡའི་ཞིབ་འཇུག་ལྟེ་གནས་ཁང་ནས་ཚོགས་བཅར་བ་བདུན་བཅས་མཉམ་འཛོམས་ཀྱིས་ཐོག་མར།
ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་ཚོགས་འདུ་དབུ་འཛུགས་དང་ངོ་སྤྲོད་ཀྱི་གསུང་བཤད་གནང་། དེ་ནས་ཚོགས་བཅར་བ་རྣམས་ཀྱིས་རང་ཉིད་ངོ་སྤྲོད་གནང་གྲུབ་བསྟུན། དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྤྱིར་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་མི་རིགས་ལ་འཛིན་པའི་སྲིད་བྱུས་དང་ཕྱི་དྲིལ་རྒྱ་ཡིག་ཚན་པའི་ལས་དོན་བྱེད་ཕྱོགས་བཅས་ཀྱི་ཐོག་ལམ་སྟོན་གསུང་བཤད་གནང་། དེ་ནས་གསོལ་ཇའི་བར་གསེང་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་དབུ་བཞུགས་ཐོག་དྲི་བ་དྲིས་ལན་གནང་།
ཉིན་རྒྱབ་དྲིལ་བསྒྲགས་དྲུང་ཆེས་རྒྱ་རིགས་དང་འབྲེལ་བའི་ལས་དོན་བྱེད་ཕྱོགས་ཐད་གསུང་བཤད་གནང་རྒྱུ་དང་། དེ་རྗེས་ཕྱི་དྲིལ་རྒྱ་ཡིག་ཚན་པའི་འགན་འཛིན་གྱིས་རྒྱ་ཡིག་ཚན་པའི་ངོ་སྤྲོད་དང་ལས་དོན་བྱེད་ཕྱོགས་སྐོར་གསུང་བཤད་དང་དྲི་བ་དྲིས་ལན་གནང་གྲུབ་མཚམས། ཐེ་ཝན་སྐུ་ཚབ་དོན་གཅོད་ཀྱིས་རྒྱ་ནག་གཞུང་གི་སྤྱིར་བོད་ཐོག་འཛིན་པའིསྲིད་བྱུས་ལ་ཐོག་མཐའ་བར་གསུམ་དུ་འགྱུར་ལྡོག་གང་འདྲ་སོང་མིན་དང་། དེ་དང་བསྟུན་ནས་རྒྱ་རིགས་དང་འབྲེལ་བའི་ལས་དོན་ཁ་ཕྱོགས་ལ་འགྱུར་བ་གཏོང་དགོས་ཡོད་མེད། གལ་ཏེ་འགྱུར་བ་བཏང་ན་ཇི་ལྟར་གཏོང་དགོས་པ་སོགས་ཀྱི་སྐོར་གསུང་བཤད་དང་དྲི་བ་དྲིས་ལན།
དེ་བཞིན་ཕྱི་དྲོ་རྒྱ་རིགས་ལས་དོན་དང་འབྲེལ་བའི་ལོ་ལྔའི་ལས་འཆར་ལ་བསྐྱར་ཞིབ་དང་མཇུག་སྐྱོང་བྱ་རྒྱུའི་སྐོར་དང་། ཐའེ་པེ་རུ་ཚོགས་པའི་རྒྱལ་སྤྱིའི་བོད་རྒྱ་མཐུན་ཚོགས་ཀྱི་ཚོགས་ཆེན་ཐེངས་དང་པོའི་སྐོར་བརྙན་འཕྲིན་བསྟན་རྒྱུ་ཡིན་འདུག སྤྱིར་ད་ཐེངས་ཀྱི་ཚོགས་འདུ་འདི་བཞིན་ཕྱི་ཟླ་ ༡༡ ཚེས་ ༩ ནས་ ༡༡ བར་ཉིན་གྲངས་གསུམ་རིང་འཚོགས་རྒྱུ་ཡིན་འདུག་པ་བཅས།།