༢༠༡༦ ཟླ་ ༡༡ ཚེས་ ༢༢ རེས་གཟའ་མིག་དམར།
༄༅། །ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བལ་ཡུལ་གྱི་ཉེན་རྟོག་པས་མཐའ་མཚམས་ནས་འཛིན་བཟུང་བྱས་པའི་བོད་མི་ཚང་མ་བཀག་ཉར་ནས་གློད་བཀྲོལ་བཏང་འདུག
བལ་ཡུལ་ཉེན་རྟོག་པས་རྒྱ་གར་དང་ཐག་ཉེ་བའི་མཐའ་མཚམས་ནས་འཛིན་བཟུང་བྱས་བའི་བོད་མི་མི་གྲངས་ ༤༡ ཁོངས་ནས། བོད་མི་མི་གྲངས་ ༣༩ ལ་རྒྱ་ནག་གི་ཕྱི་བསྐྱོད་ལག་འཁྱེར་ཡོད་པར་བརྟེན། ཕྱི་ཚེས་༡༦ ཉིན་གྱི་དགོང་དྲོར་བཀག་ཉར་ནས་བཏང་ཟིན་པ་དང་། རྒྱ་གར་གྱི་ལག་འཁྱེར་ཡོད་པའི་བོད་མི་གཉིས་རྒྱ་གར་གཞུང་ཚབ་ཁང་བརྒྱུད་ཞིབ་འཇུག་ཆེད་མུ་མཐུད་བཀག་ཉར་བྱས་ཡོད་ཀྱང་ཕྱི་ཚེས་ ༡༧ ཉིན་ཞིབ་བཤེར་བྱས་རྗེས་བཀག་ཉར་ནས་བཏང་འདུག
གོང་བརྗོད་བོད་མི་ཚོ་ཟླ་བ་འདིའི་སྤྱི་ཚེས་༡༤་ཉིན་བལ་ཡུལ་གྱི་མཐའ་མཚམས་ཀེ་ལཱ་ལེ་རྫོང་ས་གནས་ཉེན་རྟོག་པས་ཀེ་ལཱ་ལེ་རྫོང་ཁོངས་(DHANGADI) ས་གནས་ནས་སྤྱི་སྤྱོད་རླངས་འཁོར་ནང་བསྐྱོད་བཞིན་པའི་སྐབས་བལ་ཡུལ་ནང་ཁྲིམས་མཐུན་གྱི་འགྲོ་བསྐྱོད་ཆོག་པའི་ལག་འཁྱེར་སོགས་གང་ཡང་མེད་ཚུལ་གྱིས་འཛིན་བཟུང་བྱས་ཏེ། ཕྱིར་བལ་ཡུལ་གྱི་རྒྱལ་ས་ཀཱ་ཐ་མཎ་ཀྲོའུ་ཕྱི་མི་ཞིབ་བཤེར་ལས་ཁུངས་ལ་རྩིས་སྤྲོད་བྱས་བ་ཡིན་པ་རེད།