༢༠༡༦ ཟླ་ ༡༡ ཚེས་ ༢༣ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༢༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་ཁེ་ན་ཌའི་གྲོས་ཚོགས་ཀྱི་གསར་འགོད་གསལ་བསྒྲགས་སྤེལ་ཡུལ་གྱི་ཚོགས་ཁང་Canadian Parliamentary Press Gallery དུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསར་འགོད་གསལ་བསྒྲགས་སྤེལ་དོན། ཁྱེད་རྣམ་པས་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཁེ་ན་ཌའི་སྲིད་གཞུང་གསར་པས་ཆབ་སྲིད་ལངས་ཕྱོགས་དྲིལ་བསྒྲགས་གནང་སྐབས། འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་། བུད་མེད་ཀྱི་ཐོབ་ཐང་སོགས་སྲུང་སྐྱོབ་གནང་རྒྱུ་ཡིན་སྐོར་བསྒྲགས་པ་དེར་ངས་བསྔགས་བརྗོད་ཤུགས་ཆེ་ཞུ་རྒྱུ་ཡིན། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་མཚོན་ན། གོང་དུ་གྲོས་ཚོགས་འཐུས་མི་རྣམ་པས་གསུངས་པ་ལྟར། ༸གོང་ས་མཆོག་གིས་འདོན་གནང་མཛད་པའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཁེ་ན་ཌའི་སྲིད་གཞུང་གསར་པས་རྒྱབ་སྐྱོར་གནང་རོགས་ཞེས་ཞུ་རྒྱུ་ཡིན། ཁེ་ན་ཌར་མཚོན་ན་བོད་མི་རྣམས་ཀྱིས་རྩོད་བཞིན་པའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་སྟབས་བདེ་པོ་ཡོད། གང་ཡིན་བརྗོད་ན། ཁེ་ན་ཌའི་ཡུལ་ནང་ཁུ་སྦེག་ Quebec དང་ཕར་སི་ཊི་ནེ་ཤེན་ First Nations སོགས་ཀྱི་གནད་དོན་རྣམས་གསལ་ཆེད་ས་ཁུལ་དེ་དག་ནང་རང་སྐྱོང་གི་གནས་བབ་ཚད་མཐོ་ཤོས་སྤྲད་ཡོད།
བོད་མི་ཚོས་ཀྱང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབས་ཀྱི་རྩ་ཁྲིམས་འོག་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་རྩོད་བཞིན་ཡོད། སྲིད་བྱུས་འདི་ནི་རྒྱ་ནག་གཅིག་གི་སྲིད་བྱུས་དང་ One China Policy ནང་འགལ་ཞིག་རྩ་བ་ནས་ཆགས་མེད་པ་མ་ཟད། རྒྱ་ནག་མི་དམངས་ས་ཁྱོན་ཆིག་སྒྲིལ་གྱི་བདག་དབང་ལའང་རྒྱབ་འགལ་བྱས་པ་ཞིག་རྩ་བ་ནས་ཆགས་མེད། སྲིད་བྱུས་འདི་ནི་བོད་རྒྱ་གཉིས་སྨན་གྱི་སྲིད་བྱུས་ཤིག་ཡིན། དེར་བརྟེན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ཁེ་ན་ཌའི་སྲིད་གཞུང་གི་རྒྱབ་སྐྱོར་གནང་ཐུབ་པ་ཡིན་ན་ཧ་ཅང་འོས་འཚམས་ལྡན་པ་ཞིག་ཡིན་སྟབས་བསྔགས་བརྗོད་ཞུ་ཡུལ་ལས་མ་འདས། སྤྱི་ཚོགས་མཉམ་བསྐྱོད་ཀྱི་སྲིད་བྱུས་ Inclusive Policy ལ་མཚོན་ན། རྒྱ་ནག་གཞུང་གིས་རྩ་ཁྲིམས་ནང་བོད་སྐད་དང་བོད་ཡིག་སྲུང་སྐྱོབ་བྱེད་དགོས་པའི་ཆ་རྐྱེན་གསལ་བ་ཙམ་མ་ཟད། བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཆེད་འབད་བརྩོན་བྱེད་དགོས་སྐོར་འཁོད་ཡོད།
འོན་ཀྱང་དངོས་ཡོད་གནས་སྟངས་ནི་བོད་ནང་མཐོ་རིམ་སློབ་གྲྭ་དང་། སློབ་འབྲིང་སློབ་ཆེན་སོགས་ནང་སློབ་ཁྲིད་བརྒྱུད་ལམ་རྒྱ་སྐད་ལས་བོད་སྐད་བཞག་མེད། དེར་བརྟེན་རྩ་ཁྲིམས་ནང་གསལ་བའི་ཆ་རྐྱེན་དེ་དག་དོན་དངོས་ལག་བསྟར་བྱེད་མེད། འོན་ཀྱང་ཁེ་ན་ཌའི་ཡུལ་འདིར་མཚོན་ན་སྐད་ཡིག་གཉིས་ལྡན་ཞིག་ཡིན། ཁུ་སྦེག་ས་ཁུལ་ལྟ་བུར་ཕ་རན་སིའི་སྐད་ཡིག་རྒྱུན་འཛིན་བྱེད་ཆེད་གཞུང་ནས་མཐུན་འགྱུར་རོགས་རམ་དང་རྒྱབ་སྐྱོར་གང་ཐུབ་གནང་བཞིན་ཡོད། འོན་ཀྱང་བོད་ནང་ལ་མཚོན་ན་བོད་མི་ཚོར་རང་གི་སྐད་ཡིག་ཐོག་ནས་སློབ་ཚན་སློབ་ཁྲིད་བྱ་རྒྱུའི་ཐོབ་ཐང་བཙན་འཁྲོག་བྱས་པ་རེད། དེར་བརྟེན་གནད་དོན་དེའི་ཐོག་ཁེ་ན་ཌའི་སྲིད་གཞུང་གིས་རྒྱ་ནག་གི་སྲིད་གཞུང་ལ་རང་གི་ཉམས་མྱོང་བརྗེ་ལེན་གནང་ནས་བོད་མི་ཚོར་རང་གི་སྐད་ཡིག་སྲུང་སྐྱོབ་སླད་སློབ་ཚན་ཁྲིད་རྒྱུས་མཚོན་ལམ་སྟོན་གནང་ཐུབ་ངེས་རེད།
ཆོས་དད་རང་དབང་ལྟ་བུར་མཚོན་ན། རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་དགོན་པ་གཏོར་བཤིག་གཏོང་བཞིན་ཡོད། ཡ་ཆེན་སྒར་ཡང་རིམ་བཞིན་གཏོར་བཤིག་གཏོང་རྒྱུའི་འཆར་གཞིའི་ནང་ཡོད་འདུག བླ་རུང་སྒར་ལྟ་བུར་མཚོན་ན་གྲྭ་བཙུན་ཁྲི་གཉིས་ལྷག་ཡོད། དེར་བརྟེན་རྒྱ་ནག་གཞུང་གིས་དགོན་པའི་གྲྭ་བཙུན་གྱི་གྲངས་ཚད་ ༦༠༠༠ བཟོ་རྒྱུའི་འཆར་གཞི་ཡོད། རྒྱ་ནག་གཞུང་གིས་གདུག་རྩུབ་ཅན་གྱི་སྲིད་བྱུས་འདི་འཕྲལ་མར་མཚམས་འཇོག་བྱེད་དགོས། ཁེ་ན་ཌར་ཆོས་དད་རང་དབང་སྲུང་སྐྱོབ་བྱེད་མཁན་གཞུང་གིས་ཆེད་མངགས་གཞུང་ཚབ་བཙུགས་ཡོད། འཛམ་གླིང་ནང་དེ་འདྲ་ཡོད་མཁན་ཧ་ཅང་དཀོན་པོ་རེད། དེར་བརྟེན་བོད་མིའི་ཆོས་དད་རང་དབང་སྐོར་གསུང་པ་ཡིན་ན་དོན་དང་ལྡན་པ་ཞིག་ཆགས་ཡོད།
ཁོར་ཡུག་སྲུང་སྐྱོབ་ཐོག་ནས་བརྗོད་ན། བོད་ཀྱི་ཁོར་ཡུག་ནི་འཛམ་གླིང་ལ་ཧ་ཅང་གནད་འགག་ཆེན་པོ་ཞིག་ཆགས་ཡོད། བོད་ནི་ཨེ་ཤི་ཡའི་ཆུ་མགོ་ཡིན་ཞིང་རྒྱུག་ཆུ་ཆེ་གྲས་དཔེར་ན། སེངྒེ་གཙང་པོ་ Indus དང་། གླང་ཆེན་ཁ་བབ། Sutlej རྫ་ཆུ། Mekong འབྲི་ཆུ། Yangtze རྨ་ཆུ། Yellow river རྒྱལ་མོ་དངུལ་ཆུ། Salween ཡར་ཀླུངས་གཙང་པོ་ Brahmaputra སོགས་བོད་ནས་རྒྱུག་བཞིན་ཡོད། དེར་བརྟེན་བོད་ཀྱི་རྒྱུག་ཆུ་སོགས་ཀྱི་མི་འབོར་ཐེར་འབུམ་གཅིག་དང་དུང་ཕྱུར་བཞི་ཙམ་ལ་འཐུང་ཆུས་གཙོས་ཉིན་རེའི་འཚོ་གནས་ཀྱི་མཐུན་རྐྱེན་སྦྱོར་བཞིན་ཡོད།
རྒྱུ་མཚན་དེ་འདྲའི་ཐོག་ནས་བྱུང་རབས་ལོ་རྒྱུས་ཐོག་བོད་མི་ཚོ་བོད་མཐོ་སྒང་བདག་པོ་རྒྱག་མཁན་ཡིན་པའི་ལས་འགན་དེ་སླར་ཡང་བོད་མི་རང་ཉིད་ལ་སྤྲོད་ཐབས་གནང་གལ་ཆེ། དེ་ནི་བོད་མི་ཙམ་མ་ཟད། ཨེ་ཤི་ཡས་གཙོས་འཛམ་གླིང་སྤྱིའི་བདེ་དོན་ལའང་འབྲེལ་བ་ཆགས་ཡོད། བོད་ཀྱི་ཁོར་ཡུག་འཇིག་སླ་ཞིང་། དེའི་ཐོག་དེང་དུས་འཕྲུལ་རིག་འཛུགས་སྐྲུན་ཡར་རྒྱས་ཤུགས་ཆེ་འགྲོ་བཞིན་པ་དང་། བོད་ནང་རྒྱ་རིགས་ཕོན་ཆེ་གནས་སྤོ་བྱེད་པ་སོགས་ཀྱི་བོད་ཀྱི་ཁོར་ཡུག་ལ་ཉམས་ཆག་དོ་ཕོག་ཤུགས་ཆེ་འགྲོ་བཞིན་ཡོད། འདས་པའི་མི་ལོ་ ༥༠ རིང་བོད་མཐོ་སྒང་གི་འཁྱག་རོམ་བརྒྱ་ ༥༠ བཞུས་ཟིན། ཨ་རིའི་སྒྱུར་སྐར་ཉམས་ཞིབ་བསྟི་གནས་ཁང་ན་སས་ NASA བརྗོད་པ་ལྟར་ན། ཕྱི་ལོ་ ༢༡༠༠ ལ་བསླེབས་མཚམས་བོད་ནང་གི་འཁྱག་རོམ་བརྒྱ་ཆ་བརྒྱད་ཅུ་བཞུ་རྒྱུ་ཡིན་པའི་ཚོད་དཔག་བྱས་ཡོད། དེར་བརྟེན་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་མང་པོ་ཞིག་ལ་ཆུའི་དཀའ་ངལ་ཧ་ཅང་འཕྲད་བཞིན་པའི་ཁར་གནས་སྟངས་དེ་བས་ཆེད་ཛ་དྲག་ཅན་དུ་གྱུར་ངེས།
དེ་སྔ་ཚན་རིག་པ་ཁག་གཅིག་གིས་ལུང་བསྟན་ལྟར་ན། སྔ་མོ་སའི་དོན་དུ་དམག་བརྒྱབ་ཡོད་པ་དང་། དེང་སྐབས་ནུས་ཤུགས་ཆེད་དམག་རྒྱག་བཞིན་པ་དང་། འབྱུང་འགྱུར་ཆུའི་ཐད་དམག་བརྒྱབ་རྒྱུ་ཡིན་སྐོར་གསུངས་ཡོད། བོད་ནི་ཆུའི་ཆོ་མགོ་ཡིན། དེར་བརྟེན་ཁེ་ན་ཌའི་སྲིད་གཞུང་གིས་གཙོས་སྲིད་གཞུང་སུ་ཞིག་གིས་བོད་ཀྱི་ཁོར་སྲུང་སྐྱོབ་སླད་རྒྱབ་སྐྱོར་གནང་བ་ཡིན་ན་ང་ཚོས་རྗེས་སུ་ཡི་རང་དང་དགའ་བསུ་ཞུ་རྒྱུ་ཡིན།
མཐའ་དོན་ཞུ་རྒྱུར། དེ་སྔའི་ཁེ་ན་ཌའི་སྲིད་གཞུང་གིས་བོད་དོན་ཐོག་རྒྱབ་སྐྱོར་གནང་ཡོད་པ་མཟ་ད། དེ་སྔའི་སྲིད་བློན་མཆོག་གིས་༸གོང་ས་མཆོག་དང་མཇལ་འཕྲད་ཞུས་ནས་མགོན་པོ་གང་ཉིད་མཆོག་ལ་ཁེ་ན་ཌའི་མི་སེར་གྱི་ཕྱག་ཁྱེར་འབུལ་ལམ་ཞུས་པ་དང་། ཡུལ་འདིར་བོད་མི་ ༡༠༠༠ གཞི་སྤོ་བྱ་རྒྱུའི་མཐུན་འགྱུར་གནང་བར་ང་ཚོས་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང་། ད་ལྟའི་སྲིད་གཞུང་གིས་དེ་སྔའི་གུ་ཡངས་ཆབ་སྲིད་ཚོགས་པའི་ལངས་ཕྱོགས་རྗེས་འཛིན་གནང་རྒྱུའི་རེ་བ་ཞུ་རྒྱུ་དང་། སྤྱིར་སྟངས་ད་ལྟའི་སྲིད་བློན་མཆོག་གི་ཡབ་སྐུ་ཞབས་ Pierre Trudeau མཆོག་ནི་༸གོང་ས་མཆོག་མཇལ་འཕྲད་ཞུ་མཁན་ཁེ་ན་ཌའི་སྲིད་བློན་ཐོག་མ་ཡིན་ཞིང་། ཁུལ་དེར་བོད་མི་སྐྱབས་བཅོལ་བ་གནས་སྤོ་ཆེད་ཆོག་མཆན་གནང་མཁན་སྲིད་བློན་ཐོག་མ་ཆགས་ཡོད།
དེར་བརྟེན་ཕ་ཤུལ་བུས་འཛིན་ལྟར་ངས་ད་ལྟའི་ཁེ་ན་ཌའི་སྲིད་གཞུང་གིས་གུ་ཡངས་སྲིད་བྱུས་ལག་བསྟར་ཐོག་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་། དེ་བཞིན་ཁོར་ཡུག་སྲུང་སྐྱོབ་དང་སྤྱི་ཚོགས་མཉམ་སྐྱོད་ཀྱི་སྲིད་བྱུས་ལག་བསྟར་རྒྱུན་འཛིན་གནང་རྒྱུར་རེ་བ་ཆེན་པོ་ཞུ་བཞིན་ཡོད། གང་ཡིན་བརྗོད་ན་ད་ལྟའི་གཞུང་འཛིན་ནི་གུ་ཡངས་ཆབ་སྲིད་ཚོགས་པས་སྣེ་འཁྲིད་བཞིན་ཡོད་སྟབས་བོད་ཀྱི་གནད་དོན་ཐོག་ལའང་གུ་ཡངས་ཀྱི་སྲིད་བྱུས་ལག་བསྟར་གནང་རྒྱུའི་རེ་བ་ཞུ་བཞིན་ཡོད། ཐུགས་རྗེ་ཆེ། ཞེས་གསུང་བཤད་གནང་ཡོད།།