༢༠༡༦ ཟླ་ ༡༡ ཚེས་ ༤ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༢ རེས་གཟའ་ལྷག་པའི་སྔ་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་བློ་བཟང་སེངྒེ་མཆོག་གིས་ཨིན་ཡུལ་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་ International Tibet Network དང་བོད་རང་བཙན་སློབ་ཕྲུག་ཚོགས་པ། Students for Free Tibet བོད་རང་དབང་ལས་འགུལ་ཚོགས་པ། Free Tibet དེ་བཞིན་བོད་དོན་མཐུན་ཚོགས། Tibet Society བཅས་ཀྱི་སྐུ་ཚབ་འཐུས་མི་རྣམས་དང་ཆུ་ཚོད་ ༡།༣༠ ཙམ་གྱི་རིང་ཐུག་འཕྲད་དང་གསུང་མོལ་གནང་འདུག
སྐབས་དེར་སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་ཚོགས་པ་ནང་ཁུལ་མཐུན་ལམ་རྒྱུན་སྐྱོང་དང་། ཆིག་སྒྲིལ་གྱི་ནུས་པ་མཉམ་སྤུངས་ཐོག་ནས་ལས་འགུལ་སྤེལ་ཏེ་རྩ་དོན་བསྒྲུབ་ཐབས་གནང་དགོས་པ་དང་། བོད་མིའི་སྒྲིག་འཛུགས་ངོས་ནས་ཕྱི་ལོ་ ༢༠༠༥ ལོར་བོད་རྒྱ་ཞི་མོལ་གྱི་ཁོར་ཡུག་སྐྲུན་ཆེད་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་རྒྱབ་སྐྱོར་ཚོགས་པ་ཁག་ལ་འབོད་སྐུལ་ཞུ་པ་དེ་དག་ཕྱི་ལོ་ ༢༠༠༨ ལོར་ཕྱིར་འཐེན་བྱས་ཟིན་སྟབས། འབྱུང་འགྱུར་རྒྱབ་སྐྱོར་ཚོགས་པ་ཁག་གིས་བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་སྐབས་གཙོ་བོ་དོན་མཚན་གསུམ་སྟེ། འཚེ་བ་མེད་པ། ཁྲིམས་དང་མཐུན་པ། ཆེ་མཐོང་ལྡན་པ། བཅས་ཀྱི་ཐོག་ལས་འགུལ་སྤེལ་རོགས། ཞེས་སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་འབོད་སྐུལ་གནང་འདུག
ལྷག་པར་ཕྱི་ལོ་ ༢༠༡༧ ལོར་རྒྱ་ནག་ཏུ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་ ༡༩ དང་། དེ་རྗེས་ཕྱི་ལོ་ ༢༠༡༨ ལོར་ཆབ་སྲིད་ཅུས་རྒྱུན་ལས་ཚོགས་མི་གསར་བསྐོ་བྱ་རྒྱུ་ཡིན་སྟབས། འགྱུར་བ་དེ་དག་ལ་གཙོ་བོར་དམིགས་ཏེ་རྒྱབ་སྐྱོར་ཚོགས་པའི་ངོས་ནས་དམིགས་ཡུལ་དང་འཆར་གཞི་ཁ་གསལ་ཐོག་ལས་འགུལ་སྤེལ་དགོས་པ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། སོགས་གསུངས།
ཕྱི་ཚེས་ ༡ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨིན་ཇིའི་གསར་ཤོག་གྲགས་ཅན་དི་གར་ཌི་ཡེན་ The Guardian ནང་དུ་ཕྱི་རྒྱལ་དབུ་ཁྲིད་སྐོར་དཔྱད་རྩོམ་འབྲི་མཁན་བུད་མེད་ཀྱི་གསར་འགོད་པ་ཏ་ནི་བྷར་ནི་གན་ Ms Tani Branigan ལགས་ཀྱིས་བཅར་འདྲིར་དང་ལེན་གནང་འདུག
ཕྱོགས་མཚུངས་ཕྱི་ཚེས་ ༣ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དི་ཨི་ཀོ་ནོ་མིག་སི་ The Economist ཞེས་པའི་དུས་དེབ་གསར་ཤོག་གི་རྩོམ་སྒྲིག་པ་རྒན་པ་དང་། རྒྱ་སྐད་རྩོམ་སྒྲིག་པ། དེ་བཞིན་ཕྱི་རྒྱལ་གནས་ཚུལ་ཚན་པའི་རྩོམ་སྒྲིག་པ་གཞོན་པ་བཅས་དང་ཐུག་འཕྲད་ཀྱིས་བཅར་འདྲི་དང་ལེན་གནང་འདུག གསར་འགྱུར་དུས་དེབ་དེ་ནི་བདུན་རེའི་དུས་དེབ་ཡིན་ཞིང་། དུས་དེབ་ནང་གི་ཆེད་རྩོམ་དང་བསམ་ཚུལ་བཀོད་པ་དེ་དག་འཛམ་གླིང་ཁྱོན་དུ་སྙན་གྲགས་ཧ་ཅང་ཆེན་པོ་ཡོད་འདུག སྐབས་དེར་རྩོམ་སྒྲིག་པ་རྣམས་ཀྱིས་བོད་ནང་གི་གནས་སྟངས་དང་རྒྱ་ནག་དེང་སྐབས་འཛམ་གླིང་ནང་སྟོབས་ཤུགས་རྒྱས་བཞིན་པ། དེ་བཞིན་སྤྱིར་འཛམ་གླིང་ཆབ་སྲིད་ཀྱི་རྣམ་པར་འགྱུར་བ་ཤུགས་ཆེ་འགྲོ་བཞིན་པའི་སྐོར་བཅས་གནད་དོན་འདྲ་མིན་ཐད་དྲི་བ་ཞུས་པ་དང་དོགས་འདྲི་ཁག་ལ་ལན་འདེབས་གསལ་བཤད་མཐིལ་ཕྱིན་པ་གནང་འདུག
ཕྱེད་ཡོལ་དུ་སྲིད་སྐྱོང་མཆོག་ཝེ་སི་མིན་སི་ཊར་ཨེ་བྷེ་རུ་ Westminster Abbey ཕེབས་ནས་སེན་མར་གྷ་རེ་ཡེ་ཤུའི་མཆོད་ཁང་ St Margaret’s Church ནང་ཨིན་ཇིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཝེལ་ཊོན་ Lord Walton of Detchant དམ་པ་མཆོག་གི་མཛད་བྱས་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་འདུ་ཚོགས་ཐོག་བཅར་ཐོག་དམ་པ་ཁོང་གི་ཤུལ་ལུས་ནང་མི་སྤུན་མཆེད་རྣམས་དང་ཐུག་འཕྲད་གནང་བ་མ་ཟད། གྲོས་ཚོགས་འཐུས་མི་ཁག་གཅིག་དང་ཡང་མཇལ་འཕྲད་གནང་འདུག
དེ་ཡང་དཔལ་ལྡན་སྲིིད་སྐྱོང་མཆོག་གིས་ཉིན་གྲངས་ལྔའི་རིང་ཨིན་ཡུལ་གི་གཞུང་འབྲེལ་ལས་དོན་རྣམས་ཡོངས་སུ་ལེགས་གྲུབ་ཀྱིས་ཕྱི་ཚེས་ ༤ ཉིན་རྒྱ་གར་དུ་ཕེབས་ཐོན་གནང་ཡོད། དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་གར་ལྷོ་ཕྱོགས་མཚོ་འགྲམ་གྱི་མངའ་སྡེ་གྷོ་བར་ Goa རྒྱ་གར་གྱི་མཁས་པའི་ལྷན་ཚོགས་ཐེངས་གསུམ་པ་ ༢༠༡༦ 3rd India Ideas Conclave 2016 ཞེས་པ་དེར་ལྷན་ཞུགས་ཀྱིས་གསུང་བཤད་གནང་རྒྱུ་ཡིན་འདུག སྤྱིར་ལྷན་ཚོགས་དེ་ནི་རྒྱལ་སྤྱིའི་ཁྱོན་ནས་དབུ་ཁྲིད་དང་མཁས་དབང་། ཁྱད་ལས་མི་སྣ་སོགས་སྡེ་ཚན་འདྲ་མིན་ནས་མི་སྣ་གྲགས་ཅན་ཁག་གདན་ཞུས་ཀྱིས་བགྲོ་གླེང་དང་གསུང་བཤད་ལས་རིམ་གོ་སྒྲིག་གནང་རྒྱུའི་འདུ་འཛོམས་ཤིག་ཡིན་འདུག ཐེངས་འདིར་ཕྱི་ཚེས་ ༥ ནས་ ༦ བར་མང་གཙོ་དང་ཡར་རྒྱས་སོགས་ཀྱི་སྐོར་ཡིན་འདུག