༢༠༡༦ ཟླ་ ༡༡ ཚེས་ ༢ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༡ རེས་གཟའ་མིག་དམར་ཉིན་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཨིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་རྟེན་གཞི་བྱས་པའི་ཡུལ་དེའི་གྲོས་ཚོགས་འོག་མའི་ཚོགས་གཙོ་མཆོག་དང་མཇལ་འཕྲད་གནང་བ་མ་ཟད།
སྐབས་དེར་ཚོགས་གཙོ་མཆོག་གིས་སྲིད་སྐྱོང་མཆོག་ལ་ཐོག་མར་འཚམས་འདྲི་གནང་ནས་ཨིན་ཡུལ་དུ་བཞུགས་རིང་སྐུ་ངལ་རིགས་གང་ཡང་འཕྲད་མིན་སྐོར་འདྲི་རྩད་གནང་བ་སོགས་སེམས་ཐག་ཉེ་བའི་རྣམ་འགྱུར་ཤུགས་ཆེ་བསྟན་གནང་འདུག
དེ་རྗེས་ཚོགས་གཙོ་མཆོག་གིས་དཔལ་ལྡན་སྲིད་སྐྱོང་མཆོག་ཨིན་ཡུལ་གྲོས་ཚོགས་British Parliament ཀྱི་ཚོགས་ཁང་ནང་དུ་གཟིགས་སྐོར་ཐོག་གདན་ཞུས་ཀྱིས་དེ་སྔ་སྐབས་ཤིག་ལ་ཚོགས་གཙོ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གྲོས་ཚོགས་ནང་གདན་འདྲེན་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ་པ་རྣམས་དགའ་སྤྲོའི་རྣམ་འགྱུར་མངོན་གསལ་ཐོག་ནས་དྲན་གསོ་དང་སྦྲགས་སྲིད་སྐྱོང་མཆོག་ལ་ཞུས།
ཕྱོགས་མཚུངས་ཆོགས་གཙོ་མཆོག་གིས་སྐབས་དེར་ཁོང་ནི་དུས་རྟག་ཏུ་བོད་མིའི་འཚེ་མེད་ཞི་བའི་ཐབས་ལམ་ཐོག་ནས་བདེན་པའི་འཐབ་རྩོད་གནང་བཞིན་པ་དེར་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་གསུངས།
འཚམས་གཟིགས་ལེགས་པར་གྲུབ་རྗེས་གྲོས་ཚོགས་ལས་རིམ་དབུ་འཛུགས་གནང་སྐབས་དཔལ་ལྡན་སྲིད་སྐྱོང་མཆོག་གྲོས་ཚོགས་ཀྱི་ཟུར་ཉན་དུ་བཞུགས། གྲོས་ཚོགས་དངོས་སུ་དབུ་འཛུགས་གནང་སྐབས་ཚོགས་གཙོ་མཆོག་གིས་གྲོས་ཚོགས་ནང་གི་ཚོགས་མི་ཡོངས་ལ་ཐེངས་འདིར་གྲོས་ཚོགས་ནང་དུ་བཙན་བྱོལ་བོད་གཞུང་གི་སྲིད་བློན་ནམ་སྲིད་སྐྱོང་མཆོག་འདིར་ཕེབས་པར་ང་ཚོས་དགའ་བསུ་ཞུ་རྒྱུ་ཡིན། བརྙན་འཕྲིན་འདིར་གཟིགས་ཐུབ། ཞེས་ངོ་སྤྲོད་གནང་འདུག
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཕྱི་ཚེས་ ༣༡ ཉིན་ཨིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་མི་རྣམས་ལྷན་འཛོམས་All Party Parliamentary Group for Tibetཐོག་གསུང་བཤད་གནང་འདུག སྐབས་དེར་ཨིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཊིམ་ལོབ་ཊོན་ Tim Loughton མཆོག་གིས་ལྷན་ཚོགས་གཙོ་སྐྱོང་གནང་ཐོག་ཨིན་ཡུལ་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་གསུམ་གྱི་ཁྱོན་གྲོས་ཚོགས་མི་འཐུས་མི་ ༡༠ ཕེབས་འདུག སྲིད་སྐྱོང་མཆོག་གིས་སྐབས་དེར་དེང་སྐབས་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་གྱི་དགེ་བཙུན་རྣམས་ཀྱི་གྲྭ་ཤག་གཏོར་བཤིག་བཏང་དང་གཏོང་བཞིན་པའི་ཛ་དྲག་གི་གནས་སྟངས་ཆགས་ཡོད་པ་དང་། གསེར་རྟ་བླ་རུང་སྒར་གྱི་དགེ་བཙུན་སྟོང་ཕྲག་འགལ་བ་དགོན་པ་ནས་བཙན་དབང་ཐོག་ནས་ཕྱིར་འབུད་གཏོང་བཞིན་ཡོད་པ་དང་། དེ་བཞིན་བོད་ནི་འཛམ་གླིང་ཡངས་ཐོག་ཡིན་སྟབས་འཛམ་གླིང་སྤྱིའི་ཁོར་ཡུག་ཐོག་ཧ་ཅང་གནད་འགག་ཆེན་པོ་ཆགས་ཡོད་པ་ནི། ཨེ་ཤི་ཡའི་རྒྱུག་ཆུ་གཙོ་ཆེ་ཁག་གི་ཆུ་མགོ་ཆགས་ཡོད་པ་དང་། ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་མང་གཙོའི་ལྟ་གྲུབ་ལ་བརྩི་བཀུར་གཅེས་འཛིན་ཐོག་ནས་རང་གི་ལངས་ཕྱོགས་བརྟན་བཟུང་ཐོག་བོད་ལ་མགྱོགས་མྱུར་རང་དབང་སྐྱར་གསོ་ཡོང་ཐབས་ཆེད་མུ་མཐུད་རོགས་རམ་གནང་རོགས། ཞེས་འབོད་སྐུལ་ཡང་ཞུས་གནང་འདུག
ཕྱི་ཚེས་ ༡ ཉིན་གྱི་ཕྱེད་ཡོལ་དུ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཧེན་རི་ཇེག་སོན་ Henry Jackson Society ཚོགས་པའི་སློབ་སྟོན་པའི་སྡེ་ཚོགས་ think tank ཀྱི་ཚོགས་མི་རྣམས་ལ་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་འབྱུང་འགྱུར་རྒྱ་བོད་འབྲེལ་ལམ་གྱི་ཁ་ཕྱོགས་སྐོར་གསུང་བཤད་གནང་། སྐབས་དེར་ཨིན་ཇིའི་གྲོས་ཚོགས་འཐུས་མི་དང་དེ་སྔའི་ཨིན་ཡུལ་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཕེ་བྷི་ཡེན་ཧེ་མིལ་ཊོན་ Fabian Hamilton མཆོག་གིས་དབུ་བཞུགས་གནང་འདུག སྲིད་སྐྱོང་མཆོག་གི་གསུང་བཤད་ཁག་ལེགས་པར་གྲུབ་མཚམས་དོན་གཉེར་བ་རྣམས་ཀྱིས་དྲི་བ་བཏོན་པར་སྲིད་སྐྱོང་མཆོག་ནས་ལན་འདེབས་གསལ་བཤད་ཞིབ་ཕྲ་གནང་འདུག
དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་འཛམ་གླིང་ནང་སྙན་གྲགས་ཡོད་པའི་ཨིན་ཇིའི་བྷི་བྷི་སི་བརྙན་འཕྲིན་གསར་འགྱུར་ལས་རིམ་ཐོག་ BBC World News television གདན་ཞུས་ཀྱིས་བུད་མེད་གསར་འགོད་པ་ཡལ་ད་ཧ་ཀིམ་Halda Yakim ལགས་ཀྱི་བཅར་འདྲི་དང་ལེན་གནང་བ་རྣམས་འཛམ་གླིང་རྒྱ་ཁྱབ་ཏུ་ཐད་ཀར་རྒྱང་སྲིང་གནང་འདུག བཅར་འདྲི་ལེགས་གྲུབ་རྗེས་བྷི་བྷིས་སི་རྒྱ་སྐད་ཚན་པའི་གསར་འགོད་པའི་དྲི་བ་རྣམས་ལའང་ལན་འདེབས་གནང་འདུག