༢༠༡༦ ཟླ་ ༡༡ ཚེས་ ༡ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༡ རེས་གཟའ་མིག་དམར་ཉིན་སྔ་དྲོ་ཆུ་ཚོད་ ༡༡ ཡོལ་ཙམ་ལ་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྲོང་བཙན་ཚོམས་ཆེན་དུ་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གི་མདུན་དུ་འདེམས་ཐོན་ཁྲིམས་ཞིབ་པ་འབུམ་རམས་པ་ངག་དབང་རབ་རྒྱལ་མཆོག་ནས་ལས་ཁུར་དམ་འབུལ་ཞུས་འདུག
དེ་ཡང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང་། བཀའ་བློན་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་དང་ཚོགས་གཙོ། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་མི། སྤྱི་འཐུས་རྒྱུན་ལས་རྣམ་པ། དྲུང་ཆེ་འགན་འཛིན་བཅས་ལྷན་འཛོམས་ཐོག་ཐོག་མར་གནས་ཆུང་སྒྲ་དབྱངས་གླིང་གི་དགེ་འདུན་བཞི་གྲས་ནས་ཤིས་བརྗོད་གསུང་འདོན་གནང་།
དེ་རྗེས་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་ནས་༸རྒྱལ་བའི་བཞུགས་ཁྲི་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས།
དེ་རྗེས་འདེམས་ཐོན་ཁྲིམས་ཞིབ་པ་མཆོག་ནས་༸རྒྱལ་བའི་བཞུགས་ཁྲི་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་བསྟུན། ཁྲིམས་ཞིབ་པ་ཆེ་བ་མཆོག་གི་མདུན་ལས་ཁུར་དམ་འབུལ་ཞུས། དམ་འབུལ་ཡོངས་སུ་ལེགས་གྲུབ་རྗེས་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་ཁྲིམས་ཞིབ་པར་རྟེན་འབྱུང་མཇལ་དར་དང་རྟེན་འབྲེལ་མཚོན་བྱེད་བསྒྲོན་འབུལ་གནང་། དེ་ནས་ཁྲིམས་ཞིབ་པ་མཆོག་གིས་ཁྲིམས་ཞིབ་པའི་དམ་འབུལ་མ་དེབ་ཐོག་མཚན་རྟགས་བཀོད་ཡོད། དེ་རྗེས་སྐུ་མགྲོན་རྣམ་པས་༸རྒྱལ་བའི་བཞུགས་ཁྲི་རིན་པོ་ཆེར་མཎྜལ་རྟེན་དོད་དང་མཇལ་དར་། དེ་བཞིན་ཁྲིམས་པར་རྟེན་འབྲེལ་མཚོན་བྱེད་དང་རྟེན་འབྱུང་མཇལ་དར་སྒྲོན་ཡོད་པ་བཅས།།