༢༠༡༦ ཟླ་ ༡༡ ཚེས་ ༡༦ རེས་གཟའ་ལྷག་པ།
༄༅། །དེང་སྐབས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ བསླེབ་ལ་ཉེ་བའི་སྐབས་འདིར་བོད་གཙོ་བོར་གྱུར་བའི་འཛམ་གླིང་ཕྱོགས་མཐའ་འདྲ་མིན་ནས་རྒྱ་གར་དུ་བཀའ་ཆོས་ཞུ་རྒྱུ་དང་གནས་མཇལ་ཆེད་ཕེབས་ཟིན་པའམ་ཕེབས་པར་མངོན་དུ་ཕྱོགས་པ་རྣམས་ཀྱི་དཀའ་སེལ་གང་ཐུབ་སླད་འདི་གར་དཔལ་ལྡན་སྲིད་སྐྱོང་མཆོག་དབུ་བཞུགས་ཐོག་དུས་དབང་གོ་སྒྲིག་ཚོགས་ཆུང་གིས་ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༡༦ ཕྱེད་ཡོལ་ཆུ་ཚོད་ ༢།༣༠ ཙམ་ལ་བོད་མིའི་སྒྲིག་འཛུགས་བཀའ་ཤག་ཚོགས་ཁང་དུ་ཚོགས་འདུ་ལྷན་འཛོམས་སྐབས་ལམ་སྟོན་འདི་ལྟར་གནང་དོན།
༡༽ རྡ་སའི་ཉེ་འཁོར་དུ་བོད་ནས་ཕེབས་པའི་གནས་མཇལ་བ་རྣམས་ལ་དངུལ་བརྗེ་སྒྱུར་གྱི་དཀའ་ངལ་འོག མགྲོན་ཁང་དང་། ཟ་ཁང་སོགས་ནང་ཉིན་རེའི་བཞུགས་གནས་དང་ཞལ་ལག་སོགས་ཀྱི་དཀའ་ངལ་སེལ་སླད་རྡ་སར་རྟེན་གཞི་བྱས་པའི་དབུས་སྣེ་ལེན་ཁང་ནས་བཞུགས་གནས་དང་ཞལ་ལག་ཐད་མཐུན་རྐྱེན་གང་ཐུབ་གོ་སྒྲིག་ཞུ་རྒྱུ།
༢༽དུས་དབང་སྐབས་ཕྱོགས་མཐའ་ནས་ཕེབས་པའི་ཆོས་ཞུ་བ་རྣམས་ཀྱིས་ལམ་གྲོན་གཏོང་ཆེད་ཨ་སྒོར་ Dollar བསྣམས་ཐུབ་པ་ཡིན་ན་དངུལ་བརྗེ་སྒྱུར་དང་འགྲོ་གྲོན་གཏོང་རྒྱུའི་ཐད་དཀའ་ངལ་ཉུང་།
༣༽དུས་དབང་གོ་སྒྲིག་ཚོགས་ཆུང་གིས་དུས་དབང་སྐབས་ཆོས་ཞུ་བ་རྣམས་ཀྱི་ཨ་སྒོར་དང་དངུལ་འཛིན་ Cheque དེ་བཞིན་ Credit Card ངོས་ལེན་ཞུ་རྒྱུའི་ཐད་བསམ་བློ་གཏོང་བཞིན་ཡོད།
ཉེ་ལམ་བལ་ཡུལ་ནས་རྒྱ་གར་དུ་གནས་མཇལ་དུ་ཕེབས་མཁན་བོད་མི་ཁག་གཅིག་ས་མཚམས་ནས་དམ་བསྒྲགས་བཀག་སྡོམ་བྱས་པའི་གནས་ཚུལ་དང་། རྒྱ་ནག་གཞུང་གིས་དེང་སྐབས་བོད་མི་རྣམས་ཀྱི་ཕྱིར་བསྐྱོད་ལག་དེབ་བསྡུ་རུབ་བྱེད་བཞིན་པ་དེར་བཀའ་ཤག་ལ་སེམས་འཚབ་དང་སྦྲགས་བློ་ཕམ་ཤུགས་ཆེ་ཡོད།
བོད་མི་དེ་དག་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པ་ཤ་སྟག་ཡིན་སྟབས་བོད་དང་བལ་ཡུལ་སོགས་ནང་གཙོ་བོ་གནས་མཇལ་དང་བཀའ་ཆོས་ཞུ་ཆེད་ཡོང་ཐབས་བྱེད་བཞིན་ཡོད། དེ་ནི་ཡེ་ཤུའི་རྣམ་དག་ཆོས་ལུགས་ལྟ་བུར་མཚོན་ན་ཡེ་ཤུའི་རྣམ་དག་གི་ཆོས་པ་ (Catholic) རྣམས་རང་གི་རྩ་ཆེར་འཛིན་བཞིན་པའི་གནས་ (Vatican) ཝེ་ཊི་ཀན་དང་ཁ་ཆེའི་ཆོས་པ་ (Muslim) རྣམས་ཀྱིས་གནས་མཆོག་མ་ཀར་ (Mecca) གནས་མཇལ་དུ་བསྐྱོད་པ་དང་གཅིག་མཚུངས་ཆགས་ཡོད།
དེར་བརྟེན་བཀའ་ཤག་ནས་རྒྱ་ནག་གཞུང་ལ་བོད་མིའི་གཞི་རྩའི་ཆོས་དད་རང་དབང་གི་ཐོབ་ཐང་སྤྲོད་དགོས་པའི་རེ་འདུན་ཤུགས་ཆེ་ཞུས་ཡོད་པ་བཅས།།
དུས་དབང་གོ་སྒྲིག་ཚོགས་ཆུང་གི་འབྲེལ་གཏུག་ཁ་བྱང་།
ཚོགས་ཆུང་གི་མགྲིན་ཚབ་པ།
ཚོགས་མི།