༢༠༡༦ ཟླ་ ༡༡ ཚེས་ ༡༠ རེས་གཟའ་ཕུར་བུ།
༄༅། །ཨུ་རུ་སུའི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༥ ནས་ ༨ བར་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོའི་ནང་དུ་ནང་ཆོས་ནས་གསུང་པའི་བློའི་རྣམ་གཞག་ Buddhism and Phenomology སོགས་ཀྱི་ཐོག་རྒྱལ་སྤྱིའི་བགྲོ་གླེང་ལྷན་ཚོགས་ཐེངས་དང་པོ་བསྐོང་ཚོགས་གནང་འདུག སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཨིན་སྐད་ཐོག་༸སྐུའི་གསུང་སྒྱུར་ཞུ་མཁན་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་སྐུ་མགྲོན་གཙོ་བོར་མགྲོན་འབོད་ཞུས་པ་ལྟར་མཉམ་ཞུགས་གནང་ཡོད། དེ་ཡང་རྒྱལ་སྤྱིའི་ལྷན་ཚོགས་དེ་གོ་སྒྲིག་གནང་མཁན་རུ་སོག་སྐུ་ཚབ་དོན་ཁང་དང་། ཨུ་རུ་སུའི་ལྟ་གྲུབ་རིག་པའི་སློབ་གཉེར་ཁང་དང་། Institute of Philosophy of the Russia Academy of Science བཅས་ཡིན་འདུག
དེ་ཡང་རྒྱལ་སྤྱིའི་བགྲོ་གླེང་ལྷན་ཚོགས་དབུ་འབྱེད་སྐབས་རུ་སོག་སྐུ་ཚབ་དོན་གཅོད་ཀྱིས། རྒྱལ་སྤྱིའི་ལྷན་ཚོགས་འདི་ལྟ་བུ་རབ་བྱུང་ན་ལོ་སྟར་ཆགས་དང་། མ་བྱུང་ན་ཉུང་མཐར་ལོ་གཉིས་རེའི་མཚམས་སུ་ཐེངས་གཅིག་འཚོགས་ཐུབ་པ་བྱུང་ན་ཧ་ཅང་དགེ་མཚན་ཆེན་པོ་འདུག
ལྷན་ཚོགས་འདི་བརྒྱུད་ནས་ལྟ་གྲུབ་མི་འདྲ་བའི་མཁས་དབང་ཁག་མང་པོ་ཞིག་ས་གནས་གཅིག་ཏུ་ལྷན་འཛོམས་ཐུབ་པ་ཙམ་མ་ཟད། ཕན་ཚུན་ལྟ་གྲུབ་མི་འདྲ་བའི་རྣམ་གཞག་གོ་རྟོགས་སྤེལ་རེས་ཐོག་བགྲོ་གླེང་ཡོང་བཞིན་ཡོད་སྟབས་ཕན་ཐོགས་ཧ་ཅང་ཡོང་ངེས། ཞེས་གསུངས།
དེ་ཡང་ཐེངས་འདིར་ལྷན་ཚོགས་སྐབས་ཌེན་མག་ Denmark ནས་ཌེན་ཛ་ཧ་ཝི་ Dan Zahavi ལགས་དང་། ཨ་རི་ USA ནས་ཁི་རི་སི་ཊེན་ཀུ་སེ་རུ་ Christian Coseru ལགས། རྒྱགར་ India ནས་པྲ་ཌིབ་གྷོ་ཀ་ལེ་ Pradeep Gokhale ལགས། ཕ་རན་སི། France ཨུ་རུ་སུ། ཧོང་ཀོང་ Hong Kong ནས་དམ་མ་ཇོ་ཏི་ Dhammadjoti ལགས་སོགས་མཁས་དབང་ཁག་གཅིག་གདན་ཞུ་གནང་ཐུབ་པ་བྱུང་འདུག
སྤྱིར་ཐེངས་འདིར་༸སྐུའི་གསུང་སྒྱུར་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས། ཨུ་རུ་སུའི་མང་ཚོགས་རྣམས་ལ་སློ་སྦྱོང་དང་སྒོམ་གྱི་ནུས་པ། དེ་བཞིན་བྱམས་བརྩེའི་ཉམས་ལེན་དང་། གོ་ལའི་ཁོར་ཡུག་གཅེས་སྐྱོང་སོགས་ཀྱི་སྐོར་ལ་གཏམ་བཤད་སྤེལ་སྐབས་ཚོགས་བཅར་བ་ཚོས་དགའ་མོས་ཧ་ཅང་ཆེན་པོ་གནང་འདུག