༢༠༡༦ ཟླ་ ༡༡ ཚེས་ ༡༤ རེས་གཟའ་ཟླ་བ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་གི་གྲོང་ཁྱེར་ཨོ་ས་ཀའི་སེ་ཕུ་སློབ་གྲྭ་ཆེ་བའི་ནང་ཕྱི་ཚེས་ ༡༠ ནས་ ༡༣ བར་སློབ་ཕྲུག་དང་མང་ཚོགས་བཅས་ལ་བཀའ་སློབ་དང་ཆོས་འབྲེལ། དེ་བཞིན་གསར་འགོད་པའི་བཅའ་འདྲིར་དང་ལེན་མཛད་པ་སོགས་མཛད་འཕྲིན་རྒྱ་ཆེ་བསྐྱངས་གནང་མཛད་བསྟུན།
ཕྱི་ཚེས་ ༡༤ ཉིན་ཉི་ཧོང་གི་གནས་རི་ཀོ་ཡ་སན་ Koyasan དུ་རྟེན་གཞི་བྱས་པའི་ཉི་ཧོང་ནང་གི་གསང་སྔགས་ཀྱི་དགོན་པ་རྙིང་ཤོས་སུ་གྲགས་པ་ཀོན་གོ་བྷུ་ཇི་ Kongobuji ཞེས་པ་དེར་ཆིབས་སྒྱུར་བཀའ་དྲིན་བསྐྱངས།
སྐབས་དེར་དགོན་དེའི་དབུ་བླ་སྐུ་ཞབས་ན་ཀ་ནི་ཤི་སན་ས་ཡི་མཆོག་སོགས་ཀྱིས་ Keihan Nakanishi-sensei ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག
ཉིན་གུང་ལྗགས་སྨིན་གྲུབ་བསྟུན་ཐོག་མར་༸གོང་ས་མཆོག་གིས་ཀོ་ཡ་སན་གཙུག་ལག་སློབ་ཁང་ Koyasan དབུ་བརྙེས་ནས་ལོ་ ༡༣༠ འཁོར་བའི་རྟེན་འབྲེལ་མཛད་སྒོར་དབུ་བཞུགས་ཀྱིས་དད་ལྡན་སེར་སྐྱ་མང་ཚོགས་ ༦༠༠ བརྒལ་བར་མི་གཡོ་བའི་རྗེས་གནང་བཀའ་དྲིན་སྩལ།
སྤྱིར་དགོན་པ་དེ་ནི་ཉི་ཧོང་ནང་གསང་སྔགས་ཀྱི་བསྟན་པ་ཐོག་མར་དར་སྤེལ་གནང་མཁན་ཀོ་བྷོ་དེ་ཤི་ Kobo Daishi མཆོག་གིས་ཕྱག་བཏབ་པ་ཞིག་ཡིན་འདུག དེ་ཡང་ཁོང་གིས་དུས་རབས་དགུ་པའི་ནང་རྒྱ་ནག་ཏུ་ཕེབས་ཏེ་སློབ་གཉེར་གནང་བ་མ་ཟད། རྒྱ་གར་ནཱ་ལེནྡྲའི་པཎ་གྲུབ་ Prajna ཞེས་པའི་ཞབས་ལ་གཏུགས་ནས་ལེགས་སྦྱར་སློབ་གཉེར་སོགས་མཐར་ཕྱིན་གནང་རྗེས་སླར་རང་ཡུལ་དུ་ཕེབས་ནས་གསང་སྔགས་ཀྱི་བསྟན་པ་ཐོག་མ་དར་སྤེལ་གནང་ཡོད། ཁོང་གིས་ཕྱི་ལོ་ ༨༡༦ ལོར་ཀོན་གོ་བྷུ་ཇི་དགོན་པ་ཕྱག་བཏབ་ནས་ཕྱི་ལོ་ ༨༣༥ ལོར་དགུང་གྲངས་ ༦༢ ཐོག་དགོངས་པ་རྫོགས་ཡོད་འདུག ཕྱི་ལོ་ ༢༠༡༤ ཕྱི་ཟླ་ ༤ ནང་༸གོང་ས་མཆོག་ཁུལ་དེར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ནས་ལམ་རིམ་བསྡུས་དོན་སོགས་ཀྱི་ཆོས་འབྲེལ་སྩལ་འདུག་པ་བཅས།།