༢༠༡༦ ཟླ་ ༡༡ ཚེས་ ༡ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༡ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་རྭའི་སྟེངས་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ཤཱནྟ་ཀུ་མཱར་ Shri Shanta Kumar མཆོག་དང་སྐུ་ཟླ་སན་ཏོ་ཤི་ཤེལ་ཇ་ Smt. Santosh Shailja མཆོག་དང་། རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་རཱམ་སྭ་རུབ་ Ram Swaroop མཆོག བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དེ་བཞིན་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་དང་། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་འཐུས་མི་སོགས་ཚང་འཛོམས་ཐོག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ཤཱནྟ་ཀུ་མར་མཆོག་གིས་བརྩམས་པའི་ཧི་མཱ་ལ་ཡིའི་མཐོ་སྒང་སྟེང་དམར་པོའི་གྲིབ་གཟུགས་ལྡིང་བ། Red Shadow over Himalaya དང་ཁོང་གི་སྐུ་ཟླས་བརྩམས་པའི། ཅི་སྟེ་སྟོན་ཀ་འཆར་ཚེ། If Autumn Comes ཞེས་པ་དང་། གཞན་ཡང་སྐུ་ཞབས་ཧེམ་རཱཇ་ཀོ་ཤིག་ Hemraj Kaushik མཆོག་གིས་སྐུ་ཞབས་ཤཱནྟ་ཀུ་མཱར་མཆོག་ལ་ཆེ་བསྟོད་ཀྱི་དཔེ་དེབ་གཅིག་བཅས་ཁྱོན་དཔེ་དེབ་གསུམ་དབུ་འབྱེད་མཛད་འདུག
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཙམ་ལ་མཛད་སྒོ་དབུ་འཛུགས་ཀྱིས་ཐོག་མར་ངོ་སྤྲོད་ཀྱི་ལས་རིམ་ཁག་ཡོངས་སུ་གྲུབ་རྗེས་ཐོག་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་མཆོག་དང་ཁོང་གི་སྐུ་ཟླ་བཅས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲིའི་མེ་ཏོག་འབུལ་ལམ་ཞུས།
སྤྱིར་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་མཆོག་གིས་བརྩམས་པའི་ཧི་མཱ་ལ་ཡིའི་མཐོ་སྒང་སྟེང་དམར་པོའི་གྲིབ་གཟུགས་ལྡིང་བ། Red Shadow over Himalaya ཞེས་པ་དེ་སྔ་ཕྱི་ལོ་ ༡༩༦༥ ལོར་ཐོག་མར་འདོན་སྤེལ་གནང་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྔོན་གླེང་ཞིག་ལྗགས་རྩོམ་མཛད་པ་དང་། ཐེངས་འདིར་མི་ལོ་ལྔ་བཅུའི་རྗེས་སླར་ཡང་དེབ་དེར་དུས་ཐོག་དགོས་ངེས་སྐྱར་ཞིབ་གང་འོས་གནང་རྗེས་འདོན་སྤེལ་གནང་བ་ཞིག་ཡིན་འདུག
དེ་ཡང་ཐོག་མར་སྐུ་ཞབས་ཧེམ་རཱཇ་ཀོ་ཤིག་མཆོག་གིས་ཧི་མཱ་ལ་ཡིའི་མཐོ་སྒང་སྟེང་དམར་པོའི་གྲིབ་གཟུགས་ལྡིང་བ། ཞེས་པའི་དཔེ་དེབ་ཀྱི་ངོ་སྤྲོད་ཞུས། དེ་རྗེས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་སྐུ་ཞབས་ཤཱནྟ་ཀུ་མཱར་མཆོག་གིས་གསུང་བཤད་གནང་བསྟུན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ།
དེ་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཱ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་ཐུགས་རྗེ་ཆེ་ཞུའི་གནས་བཤད་གནང་དོན།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྐུ་ཞབས་ཤཱནྟ་ཀུ་མཱར་མཆོག་དང་། ལྕམ་སྐུ་སན་ཏོ་ཤི་མཆོག དེ་བཞིན་རྩོམ་པ་པོ་ཧིམ་རཱ་ཇ་ཀོ་ཤིག་བཅས་ཀྱི་དཔེ་དེབ་དབུ་འབྱེད་མཛད་པར་གོ་སྒྲིག་ཚོགས་ཆུང་ནས་བཀའ་དྲིན་བླ་མེད་དུ་ཆེ། ཞེས་ཞུ་དང་། སྐུ་ཞབས་ཤཱནྟ་ཀུ་མཱར་མཆོག་གི་དཔེ་དེབ་ཀྱི་ནང་དོན་བརྒྱ་ཆ་ ༥༠ ལྷག་བོད་ཀྱི་གནད་དོན་དང་འབྲེལ་བའི་ལོ་རྒྱུས་ཚད་ལྡན་ཞིག་བཀོད་གནང་ཡོད་པ་མ་ཟད། ཁོང་གིས་ད་བར་བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་མུ་མཐུད་གནང་ཡོད།
ཁོང་གིས་སྣེ་འཁྲིད་འོག་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་དོན་མང་དག་ཅིག་གནང་ཐུབ་བཞིན་ཡོད། གཞན་ཡང་ལས་འཆར་མང་དག་ཅིག་ཡོད་སྟབས་འདི་རེ་རེ་བཞིན་དམིགས་བསལ་ཞུ་མི་དགོས་པ་ཞུ་རྒྱུ་དང་། གཞིས་བྱེས་གཉིས་སུ་གནས་པའི་བོད་རིགས་ཚང་མའི་ཚབ་ཞུས་ནས་སྤྱི་ཁྱབ་བློན་ཆེན་ཟུར་པ་སྟོན་འཁོར་དང་བཅས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གཞན་ཡང་ཐེངས་འདིར་ཕྱག་འབྲེལ་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ། དེ་བཞིན་ཕྱི་ནང་སྐུ་མགྲོན་བཅས་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེ་དེབ་དཔར་སྐྲུན་ཁང་ལའང་ལོ་རྒྱུས་ཅན་གྱི་དཔེ་དེབ་འདི་ལྟ་བུ་དཔར་སྐྲུན་གནང་བར་ཐུགས་རྗེ་ཞུ་རྒྱུ་དང་སྦྲགས། དཔེ་དེབ་དེ་དག་འབྱུང་འགྱུར་མང་ཚོགས་ཁྲོད་འགྲེམས་སྤེལ་གང་མང་གནང་ཐུབ་པའི་རེ་སྐུལ་ཞུ་རྒྱུ་ཡིན་ཞེས་གསུངས་རྗེས་མཛད་སྒོ་ལེགས་པར་གྲོལ་ཡོད་པ་བཅས།།