༢༠༡༦ ཟླ་ ༡༡ ཚེས་ ༢༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༢༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆེན་པོ་ཧོར་གྱི་ཡུལ་དུ་ཆོས་འབྲེལ་དང་མང་ཚོགས་བཀའ་སློབ་སོགས་མཛད་འཕྲིན་རྒྱ་ཆེ་བསྐྱངས་རྗེས་ཉི་ཧོང་དུ་སླར་ཡང་ཆིབས་༸ཞལ་བསྒྱུར་གནང་མཛད་འདུག
དེ་ཡང་ཕྱི་ཚེས་ ༢༢ ཉིན་སོག་ཡུལ་གྱི་རྒྱལ་ས་ཨུ་ལན་བྷ་ཏར་ Ulaanbaatar ནང་གི་རིག་གཞུང་ཚོགས་ཁང་ནང་༸གོང་ས་མཆོག་གིས་སོག་པོའི་ན་གཞོན་ཕོ་མོ་རྣམས་ལ། ཐུན་མོང་གི་བཟང་སྤྱོད་དང་དུས་རབས་ ༢༡ ནང་པ། ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་དོན། བོད་དང་ཆེན་པོ་ཧོར་གྱི་ཡུལ་གཉིས་ལོ་ངོ་སྟོང་ཕྲག་རིང་ནས་མཛའ་བརྩེའི་འབྲེལ་བ་ཡོད། ལྷག་པར་དུ་སོག་ཡུལ་དུ་ནང་ཆོས་དར་ཁྱབ་བྱུང་རྗེས་ཡུལ་གཉིས་དབར་ཆོས་ཡོན་གྱི་འབྲེལ་བ་བྱུང་བ་རེད།
དེང་དུས་འཛམ་གླིང་ནང་ཕྱི་དངོས་པོའི་འཛུགས་སྐྲུན་ཧ་ལས་པ་ཞིག་ཡོད་ཀྱང་སེམས་ནང་ཞི་བདེས་ཕོངས་ནས་ཡོད་པ་ལྟ་བུ་འདུག ཕྱོགས་མཚུངས་དེང་སྐབས་ཆོས་མིང་གི་ཐོག་ནས་རྙོག་གྲ་བཟོ་རྒྱུ་སོགས་ཡོང་བཞིན་ཡོད། དེར་བརྟེན་དུས་སྐབས་འདི་ལྟ་བུར་རྒྱལ་སྤྱི་སྤྱི་ཡོངས་ཀྱི་ཁོར་ཡུག་ཞི་བདེ་བག་ཕེབས་ལྡན་པ་ཞིག་ཡོང་སླད་འབད་འབུང་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་ཆགས་ཡོད།
ངོས་རང་ནུབ་ཕྱོགས་རྒྱལ་ཁབ་མང་པོའི་ནང་བསླེབས་ཡོད། ཕྱི་དངོས་པོའི་འཛུགས་སྐྲུན་ཧ་ལས་པ་ཞིག་ཡོད། འོན་ཀྱང་མིའི་སེམས་ནང་མ་སྐྱིད་པ་ཧ་ཅང་བྱས་ནས་སྡོད་དགོས་པ་ཡོང་གི་འདུག དེར་བརྟེན་དེང་སྐབས་གཞི་ནས་ནང་ཆོས་ནས་གསུང་པའི་སེམས་ཁམས་རིག་པའི་རྣམ་གཞག་ལ་དོ་སྣང་བྱས་ནས་བློའི་བྱེད་ལས་གང་འདྲ་ཡིན་མིན་སོགས་ནང་ཆོས་ནས་བློ་སྐྱེད་བླང་ཐབས་བྱེད་བཞིན་ཡོད།
སོག་ཡུལ་ལ་མཚོན་ན་ལོ་རྒྱུས་ཐོག་ནས་ནང་པའི་རྒྱལ་ཁབ་གཅིག་རེད། བར་སྐབས་དམར་པོའི་དབང་སྒྱུར་འོག་དཀའ་ངལ་ཧ་ཅང་འཕྲད་ཀྱང་ད་དུང་ཆོས་དད་མ་བརླག་པར་རྒྱུན་འཛིན་ཐུབ་པ་བྱུང་བ་རེད། ད་ཆ་རང་དབང་སླར་གསོ་བྱུང་སྟབས་རང་གི་ཕ་མེས་ནས་དར་བའི་ནང་ཆོས་སྤྱི་དང་། ལྷག་པར་དཔལ་ནཱ་ལེནྡྲའི་བཞེད་སྲོལ་དྲི་མ་མེད་པའི་གཞུང་ལུགས་དེ་དག་ལ་དོ་སྣང་རིམ་བཞིན་བསླེབ་བཞིན་ཡོད། རྨང་གཞི་དེའི་ཐོག་རིམ་བཞིན་སློབ་གཉེར་མང་ཙམ་གནང་གལ་ཆེ།
ཆོས་ལ་དེ་ཙམ་དོ་སྣང་མེད་མཁན་ཚོས་ཀྱང་དཔལ་ནཱ་ལེནྡྲའི་གཞུང་ནས་བློ་སྐྱེད་མང་པོ་ཞིག་བླང་ཐུབ་རྒྱུ་རེད། འོན་ཀྱང་ཁྱེད་ཚོ་མང་ཆེ་བར་དད་པ་ཧ་ཅང་ཡོད་སྟབས་དཔལ་ནཱ་ལེནྡྲའི་གཞུང་ལུགས་དེ་དག་ལ་སློབ་སྦྱོང་བྱེད་རོགས་ཞེས་ངོས་ཀྱིས་འབོད་སྐུལ་ཞུ་རྒྱུ་ཡིན། དགོན་པ་གྲྭ་ཚང་ནང་དགེ་འདུན་པ་ལོ་གཞོན་པ་ཚོས་ཆོ་ག་ཕྱག་ལེན་དང་འདོན་རྟ་དབྱངས་ཙམ་སྦྱངས་ནས་མ་བཞུགས་པར་ནང་ཆོས་ལ་སློབ་གཉེར་རྒྱག་དགོས་པ་ཧ་ཅང་གལ་ཆེན་པོ་འདུག ཅེས་བཀའ་སློབ་སྩལ་རྗེས་དྲི་བ་ཁག་གཅིག་ལ་བཀའ་ལན་སྩལ།
སྐབས་དེར་ཚོགས་བཅར་བ་ཞིག་གིས་༸གོང་ས་མཆོག་སོག་ཡུལ་དུ་དེ་སྔ་ཕྱི་ལོ་ ༢༠༡༡ ལོར་ཆིབས་སྒྱུར་བསྐྱངས་པ་ནས་ད་བར་འགྱུར་བ་གང་ཞིག་གཟིགས་གནང་མཛད་མིན་གྱི་དྲི་བར་བཀའ་ལན་སྩལ་དོན། ད་ཆ་ཡར་རྒྱས་ཧ་ཅང་ཕྱིན་འདུག ཁང་པ་ཞེ་དྲགས་མང་དུ་ཕྱིན་འདུག ཁང་པའི་ནང་སྡོད་མཁན་མིའི་བསམ་བློའི་ཕུགས་ལ་ཞི་བདེ་བག་ཕེབས་ལྡན་མིན་གནས་ཚུལ་ཐ་དད་རེད། ཅེས་སོགས་ཀྱི་བཀའ་ལན་སྩལ།
ཉིན་གུང་ལྗགས་སྨིན་གྲུབ་བསྟུན་སོག་ཡུལ་ནང་གི་བོད་རིགས་ཁག་གཅིག་དང་སོག་ཡུལ་ས་ཕྱོགས་གཞན་ནས་ཆེད་མངགས་མཇལ་བཅར་ཞུ་མཁན་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ། ཐེངས་འདིར་༸གོང་ས་མཆོག་ཆེན་པོ་ཧོར་གྱི་ཡུལ་དུ་མཛད་འཕྲིན་ཁག་ལེགས་པར་གྲུབ་རྗེས་ཕྱི་ཚེས་ ༢༣ ཉིན་སླར་ཡང་ཉི་ཧོང་དུ་ཆིབས་༸ཞལ་བསྒྱུར་ཡོད་པ་བཅས།།