༢༠༡༦ ཟླ་ ༡༡ ཚེས་ ༢༣ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༢༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སོག་ཡུལ་རྒྱལ་ས་ཨ་ལན་བྷ་ཏར་ནང་ཏྲི་ཏི་ཡ་ནང་པའི་ཆོས་ཚོགས་ Tritiya Dharma Chakra དང་རྗེ་བཙུན་དམ་པའི་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག ནང་པའི་ལྟ་གྲུབ་དང་ཚན་རིག་དབར་རྒྱལ་སྤྱིའི་ལྷན་ཚོགས་ཐེངས་དང་པོར་དབུ་བཞུགས་མཛད་ནས་བཀའ་སློབ་སྩལ་དོན།
ལྷན་ཚོགས་འདི་ལྟ་བུ་ནུབ་ཕྱོགས་རྒྱལ་ཁབ་དང་། རྒྱ་གར། དེ་བཞིན་ཉི་ཧོང་བཅས་ནང་དེ་སྔ་འཚོགས་སྐབས་ངོས་རང་སྐྱོད་བཞིན་ཡོད། ད་ཆ་སོག་ཡུལ་ཁུལ་འདིར་ཡང་ལྷན་ཚོགས་འདི་ལྟ་བུ་ཧ་ལམ་ཐེངས་དང་པོ་ཆགས་ཡོད། དེར་བརྟེན་དེ་རིང་ལྷན་ཚོགས་འདི་ལྟ་བུའི་ནང་མཉམ་ཞུགས་ཐུབ་པ་ངོས་རང་ཧ་ཅང་དགའ་པོ་དང་ཆེ་མཐོང་ཐོབ་པ་ཞིག་བྱུང་།
སྐབས་རེ་ངོས་རང་ཕྱེད་ཀ་ནང་པ་དང་ཕྱེད་ཀ་ཚན་རིག་པ་ཡིན། ཞེས་བརྗོད་ཀྱི་ཡོད། ལོ་ངོ་ ༣༠ ལྷག་རིང་ངོས་ཀྱིས་ཚན་རིག་པ་དང་ལྷན་གཙོ་བོ་དབང་རྩ་ Neurology དང་འཇིག་རྟེན་ཁམས་ཀྱི་རིག་པ། Cosmology ལྷག་པར་ཀོན་ཊམ་དངོས་ཁམས་རིག་པའི་ Quantum Physics རྣམ་གཞག་དང་སེམས་ཁམས་རིག་པའི་རྣམ་གཞག་ Psychology སྐོར་ལ་གཙོ་བོ་བགྲོ་གླེང་བྱ་རྒྱུ་བྱུང་།
རྣམ་གཞག་དེ་དག་ཐོག་ནང་པའི་གཞུང་ལུགས་ནང་དུའང་འགྲེལ་བཤད་རྒྱག་རྒྱུ་ཡོད་སྟབས་ཕན་ཐོགས་ཧ་ཅང་འདུག ནང་པའི་མཁས་པ་ཚོས་ཚན་རིག་པ་ལས་དངོས་ཁམས་རིག་པའི་རྣམ་གཞག་སྐོར་ལ་བློ་སྐྱེད་བླང་ཐུབ་པ་དང་། ཚན་རིག་པ་ཚོས་ནང་པའི་གཞུང་ནས་བློའི་རྣམ་གཞག་ཕྱུག་པོ་ཡོད་པ་ལས་བློ་སྐྱེད་བླང་ཐུབ་པ་བཅས་ཕྱོགས་གཉིས་ཀར་ཁེ་ཕན་ཐོབ་ཐུབ་པ་བྱུང་ཡོད། ཅེས་བཀའ་སློབ་སྩལ།
དེ་ནས་བོད་སོག་གཉིས་ཀྱི་འབྲེལ་བའི་སྐོར་བཀའ་སློབ་སྩལ་དོན། ལོ་རྒྱུས་ཐོག་ནས་བོད་སོག་གཉིས་ནི་སྔ་མོ་ནས་འབྲེལ་བ་ཧ་ཅང་ཉེ་པོ་ཡོད། ཧ་ལམ་སྤུན་མཆེད་ཕོ་མོའི་འབྲེལ་བ་ཞེས་བརྗོད་ཆོག དེ་ནས་ཡུལ་གྲུ་དེ་གཉིས་ནང་དཔལ་ནཱ་ལེནྡྲའི་བཞེད་སྲོལ་དྲི་མ་མེད་པ་དར་ཁྱབ་བྱུང་ཡོད། ཅེས་བཀའ་སློབ་སྩལ།
དེ་རྗེས་དགའ་ལྡན་དགོན་པའི་ནང་པའི་ལྟ་གྲུབ་མཁས་དབང་སྐུ་ཞབས་ Kabju D. Nyamsambuu ལགས་ཀྱིས་བཟང་སྤྱོད་སོགས་ཀྱི་སྐོར་གསུང་བཤད་གནང་བསྟུན་༸གོང་ས་མཆོག་གིས་ཚན་རིག་ལ་གཙོ་བོ་གནད་དོན་གཉིས་ཐོག་ནས་ཐུགས་སྣང་མཛད་བཞིན་ཡོད་སྐོར་དང་། གཅིག་ནི། ཚན་རིག་ལ་བརྟེན་ནས་དངོས་པོ་རྣམས་ཀྱི་དོན་དམ་གྱི་གནས་ལུགས་ཇེ་གསལ་དུ་རྟོགས་ཐུབ་པ་དང་། གཉིས་ནས་ཚན་རིག་གི་གྲུབ་དོན་ལ་གཞིར་བཞག་ནས་མིའི་བཟང་པོའི་རིན་ཐང་གོང་མཐོར་གཏོང་ཐུབ་པ་དེ་ཡིན། ཞེས་བཀའ་སློབ་སྩལ།
དེ་རྗེས་ཨ་རིའི་ཁེ་ལི་ཕོར་ནི་ཡ་གཙུག་ལག་སློབ་གྲྭའི་ University of California ཀླད་ཁམས་རིག་པའི་ཚན་རིག་པ་དང་སེམས་ཁམས་འཕྲོད་བསྟེན་གྱི་སྨན་པ་ལྕམ་སྐུ་ཧེ་ལེན་ཝང་ Helen Y. Wang ལགས་ཀྱིས་སྐབས་དེར་སྒོམ་སྒྲུབ་ཉམས་ལེན་ཐོག་ནས་ཀླད་པའི་བྱེད་ལས་ལ་ཤུགས་རྐྱེན་ཐེབས་ཚུལ་དང་། རྒྱུན་ལྡན་སྤྱི་ཚོགས་ཀྱི་འཚོ་བའི་ཁྲོད་ནང་ཆོས་ཀྱི་ཉམས་ལེན་དང་སྦྲགས་ནས་མི་ཚེ་སྐྱེལ་སྟངས་སྐོར་གསུངས་པ་མ་ཟད། ཆེད་མངགས་བྱམས་བརྩེའི་བློ་སྒོམ་ན་གཞན་ཕན་གྱི་བློ་ཤུགས་ཆེ་རུ་འགྲོ་རྒྱུ་མ་ཟད། སྡུག་བསྔལ་ལ་གདོང་ལེན་བྱེད་མཁན་དབང་རྩའི་ནུས་པ་ཤུགས་ཆེ་རུ་གཏོང་ཐུབ་སྐོར་སྙན་སེང་ཞུས།
སྐབས་དེར་༸གོང་ས་མཆོག་གིས། སྤྱིར་འཇོག་སྒོམ་སྐབས་དམིགས་པ་གཅིག་ལ་དམིགས་ནས་བསྒོམ་དགོས་སྟབས་ཞེ་སྡང་གནས་སྐབས་ཉུང་དུ་གཏོང་ཐུབ་པ་དང་། དཔྱད་སྒོམ་དེས་ཀྱང་ཞེ་སྡང་གི་རྒྱུ་གང་ཡིན་སོགས་ལ་དཔྱད་པ་བྱེད་ཐུབ་པ་དང་། ཕུགས་ལ་ཞེ་སྡང་གི་གཉེན་པོ་མཆོག་ནི་བྱམས་བརྩེ་ཡིན་སྐོར་བཀའ་སློབ་སྩལ།
ཉིན་གུང་ལྗགས་སྨིན་སྐབས་རྒྱ་གར་གཞུང་ཚབ་ཁང་ནས་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུ་དོན་ལྟར་མགོན་པོ་གང་ཉིད་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོས་རྒྱ་གར་གཞུང་ཚབ་ཁང་དུ་ཆིབས་སྒྱུར་བསྐྱངས་ནས་ལྗགས་སྨིན་དགྱེས་བཞེས་མཛད།
དེ་རྗེས་ཚོགས་ཁང་དུ་སླར་ཡང་བགྲོ་གླེང་དབུ་འཛུགས་སྐབས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ངོས་ཀྱིས་རྒྱུན་ལྡན་ནང་ཆོས་ལ་ཆ་གསུམ་དབྱེ་བཞིན་ཡོད། ནང་པའི་ཚན་རིག ལྟ་གྲུབ། ནང་ཆོས་ཀྱི་ཉམས་ལེན། དེའི་ནང་ནས་ནང་པའི་ཚན་རིག་དང་ལྟ་གྲུབ་གཉིས་ནི་གཙོ་བོ་དོན་དམ་བདེན་པ་དང་ཀུན་རྫོབ་བདེན་པ་གཉིས་དང་འབྲེལ་ནས་གསུང་བཞིན་ཡོད། ནང་ཆོས་ཉམས་ལེན་གྱི་ཆ་དེ་ནང་པ་ཁོ་ནས་བྱེད་དགོས་པ་ཞིག་ཡིན། དེར་བརྟེན་ནང་པའི་ཚན་རིག་དང་ལྟ་གྲུབ་གཉིས་ཐོག་ནས་ང་ཚོས་ད་བར་ལོ་ངོ་ ༣༠ ལྷག་རིང་ཚན་རིག་པ་དང་ལྷན་བགྲོ་གླེང་བྱས་པ་རེད། ཅེས་བཀའ་སློབ་སྩལ།
དེ་རྗེས་སོག་ཡུལ་ཚན་རིག་དང་འཕྲུལ་རིག་བསྟི་གནས་ཁང་ Mongolian University of Science and Technology གི་ཚན་རིག་ཉམས་ཞིབ་པ་བྷོལ་སེ་ཁང་ B. Boldsaikhan ལགས་ཀྱིས་སྨན་དང་ཚད་མ་རིག་པའི་སྐོར་གསུངས། ཕྱོགས་མཚུངས་སྐབས་དེར་དངོས་ཁམས་རིག་པའི་མཁས་དབང་སྐུ་ཞབས་ནམ་སི་ར་ཡི་ K. Namsrai ལགས་ཀྱིས་ཚད་རྡུལ་དངོས་ཁམས་རིག་པའི་རྣམ་གཞག་དང་ནང་པའི་ལྟ་གྲུབ་དབར་འབྲེལ་བ་ཇི་ཡོད་སྐོར་གསུངས་པ་དང་སྦྲགས། ༸གོང་ས་མཆོག་ལ་སོག་པོའི་འབྲོག་པ་དང་ཕྱུགས་རྫི་སོགས་མི་མང་དཀྱུས་མ་རྣམས་ལ་ཐུགས་སྨོན་སྐྱབས་འཇུག་ཡོང་བའི་གསོལ་འདེབས་ཞུས།
དེ་རྗེས་དབང་རྩ་དང་ཕུང་པོའི་གྲུབ་ཆའི་རྣམ་གཞག་སྐོར་གྱི་ཚན་རིག་པ་ཉེ་བའི་གཙུག་ལག་སློབ་དཔོན་སྐུ་ཞབས་ཕ་དེལ་ཛེ་དེན་ Dr. Fadel Zeidan ལགས་ཀྱིས་དྲན་པ་ཉེར་བཞག་དང་སྒོམ། དེ་བཞིན་ཟུག་ངུའི་སྐོར་གསུང་བཤད་གནང་བ་མ་ཟད། སེམས་ངལ་དང་ཁྲག་ཤེད། དངངས་སྐྲག་སོགས་བཅོས་ཆེད་སྨྱོ་རྫས་ལས་བཟོས་པའི་དེང་དུས་ཀྱི་སྨན་བསྟེན་པ་ལས་དྲན་པ་ཉེར་བཞག་ཐོག་ནས་བཅོས་ཐབས་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་གསུངས།
བགྲོ་གླེང་སྐབས་གསུང་བཤད་གནང་མཁན་མཐའ་མ་སྐྱེས་ཁམས་ཚན་རིག་པ་སྐུ་ཞབས་ཨེ་རི་འོན་ N. Ariun ལགས་ཀྱིས་སྐྱེས་ཁམས་ཚན་རིག་དང་ནང་ཆོས་སྐོར་གསུངས་རྗེས་༸གོང་ས་མཆོག་གིས་མཇུག་བསྡོམས་བཀའ་སློབ་སྩལ་དོན།
གཞི་རྩའི་འགྲོ་བ་མིའི་རང་བཞིན་ལྷན་སྐྱེས་དེ་བྱམས་བརྩེ་ལྡན་པ་ཞིག་ཡིན་པ་ཚན་རིག་པ་ཚོས་བརྟག་དཔྱད་བྱས་པ་བརྒྱུད་ར་སྤྲོད་ཐུབ་པ་བྱུང་ཡོད། གཞི་རིམ་གྱི་གནས་སྟངས་དེར་གཞི་བཅོལ་ནས་རིམ་བཞིན་ང་ཚོས་ཤེས་ཡོན་སློབ་གསོའི་ཐོག་ནས་བྱམས་བརྩེའི་ས་བོན་སེམས་རྒྱུད་ལ་རང་ཆས་སུ་ཡོད་པ་དེ་ཇེ་གསལ་དང་ཇེ་ཤུགས་ཆེ་རུ་གཏོང་དགོས་པ་ཧ་ཅང་གལ་ཆེ། འགྲོ་བ་མི་རིགས་ཡོངས་རྫོགས་ལ་བྱམས་བརྩེའི་བསམ་པ་རང་ཆས་སུ་ཡོད་པའི་གཞི་རིམ་གྱི་གནས་སྟངས་འདིའི་འོག་ནས་འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་གོང་མཐོར་གཏོང་དགོས།
དེ་ལྟར་ལག་བསྟར་དོན་འཁྱོལ་ཡོང་བར་ཆོད་སེམས་དང་འཆར་སྣང་བརྟན་པོ་དགོས་གལ་ཆེ། དེར་བརྟེན་དེ་རིང་གི་ལྷན་ཚོགས་འདི་ལྟ་བུས་འགྲོ་བ་མི་རིགས་སྤྱིའི་བདེ་བ་བསྒྲུབ་རྒྱུར་ཕན་ཐོགས་ཧ་ཅང་ཡོད། ཅེས་བཀའ་སློབ་སྩལ་བསྟུན་བགྲོ་གླེང་རེ་ཞིག་མཇུག་བསྒྲིལ་བ་བཅས།།