༢༠༡༦ ཟླ་ ༡༡ ཚེས་ ༡༣ རེས་གཟའ་ཉི་མ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་ ༡༢ ཉིན་ཉི་ཧོང་གི་གྲོང་ཁྱེར་ཨོ་ས་ཀའི་ནང་སྔ་དྲོ་སྤྱོད་འཇུག་ཆེན་མོའི་བཀའ་ཆོས་འཕྲོ་སྐྱོང་མ་མཛད་གོང་། རྒྱ་རིགས་མི་གྲངས་ ༡༥༠ ཙམ་ལ་མཇལ་ཁ་དང་བཀའ་སློབ་སྩལ་དོན། དེ་སྔ་སྐབས་ཤིག་ཡུ་རོབ་ཆོས་ཚོགས་དེ་འདྲ་ཁ་ཤས་ཀྱིས་ངོས་རང་སྐད་བཏང་བྱུང་། སྐབས་དེར་ངོས་ནས་ཡུ་རོབ་ནི་གཙོ་བོ་ཡི་ཤུ་དང་ཇུ་ཌོ་ཁི་རི་ཤི་ཊེན་ Judo-Christianity ཆོས་ལུགས་ཕ་མེས་ནས་ཉམས་ལེན་བྱེད་མཁན་ཞིག་ཡིན་སྟབས། རང་གི་ཆོས་ལུགས་འགྱུར་བ་སོགས་བྱས་ན་འོས་འཚམས་ཤིག་མེད་སྐོར་བརྗོད་པ་ཡིན།
ཕྱོགས་མཚུངས་ཐེངས་ཤིག་ངོས་རང་སོག་ཡུལ་དུ་བསྐྱོད་སྐབས་ཁུལ་དེར་ཀོ་རི་ཡའི་ཡི་ཤུའི་ཆོས་པ་ཁག་གཅིག་ཡི་ཤུའི་ཆོས་ཁྱབ་སྤེལ་གཏོང་ཆེད་བསླེབས་འདུག་པ་ཁོང་ཚོ་ངོས་རང་ཐུག་པར་བསླེབས་བྱུང་། སྐབས་དེར་ངོས་ནས་ཁོང་རྣམས་ལ་སོག་ཡུལ་ནི་ནང་པའི་རྒྱལ་ཁབ་གཅིག་ཡིན་པར་བརྟེན་ཁུལ་དེར་ཡི་ཤུའི་ཆོས་ལུགས་སྤེལ་ཐབས་བྱེད་ན་དགེ་མཚན་མེད་སྐོར་དང་། དེ་ལས་སོག་པོའི་མི་མང་གི་ཤེས་ཡོན་དང་འཕྲོད་བསྟེན་ཐོག་རོགས་རམ་གནང་ཐུབ་ན་ཕན་ཐོགས་ཆེ་བ་ཡོད་པ་དང་། ངོས་རང་ཉིད་ལ་མཚོན་ནའང་ཆོས་ལུགས་བརྗེ་འགྱུར་གྱི་བྱ་སྤྱོད་དེ་རིགས་རྩ་བ་ནས་སྤེལ་གྱི་མེད་སྐོར་བརྗོད་པ་ཡིན།
ཡང་སྐབས་ཤིག་ཕ་རན་སི་ཡུལ་དུ་འཇར་མན་ཕྱུག་བདག་གཅིག་གིས་ཕ་རན་སིའི་ཡུལ་དུ་ནང་པའི་དགོན་པ་ཧ་ཅང་ཆེན་པོ་ཞིག་བརྒྱབ་ རྒྱུའི་འཆར་གཞི་ཡོད་སྐོར་བརྗོད་བྱུང་། སྐབས་དེར་ངོས་ཀྱིས་ཁོང་ལ་ཕ་རན་སི་ཡུལ་ལ་མཚོན་ན་ནང་པའི་རྒྱལ་ཁབ་ཅིག་མིན་པར་བརྟེན་ནང་པའི་དགོན་པ་ཧ་ཅང་ཆེན་པོ་དེ་འདྲ་བརྒྱབ་པ་ཡིན་ན་རན་པོ་ཞིག་མེད་པ་དང་། ཅི་སྟེ་ཡིན་གཅིག་གིས་ནང་པའི་དགོན་པ་དེ་འདྲ་བརྒྱབ་དགོས་ན་ནང་པའི་རྒྱལ་ཁབ་ཐེ་ལེན་ཌི་དང་ཤྲི་ལངྐཱ། རྒྱ་གར་ལྟ་བུའི་ནང་བརྒྱབ་ཐུབ་ཚེ་དགེ་མཚན་ཆེ་སྐོར་བརྗོད་པ་ཡིན།
རྒྱ་རིགས་ཆོས་གྲོགས་ཕོ་མོ་ཁྱེད་རང་ཚོར་མཚོན་ན་ཕ་མེས་ཀྱི་ཆོས་དེ་ནང་པ་རེད། ཤེས་རབ་སྙིང་པོ་འདོན་མཁན་རེད། དེར་བརྟེན་ནང་ཆོས་ལ་སློབ་གཉེར་བྱེད་དགོས། ཤེས་རབ་སྙིང་པོའི་དོན་དག་གང་ཡིན་པ་དེ་དག་ཤེས་ཐབས་བྱེད་དགོས།
འཛམ་གླིང་ནང་གི་ཆོས་ལུགས་འདྲ་མིན་མང་པོ་ཞིག་ཡོད་པ་ཚང་མས་བྱམས་བརྩེ་དང་བཟོད་བསྲན། ཆོག་ཤེས། སྦྱིན་པའི་ཉམས་ལེན་སོགས་ནང་གི་གཤིས་རྒྱུད་དང་འབྲེལ་བའི་བཟང་པོའི་རིན་ཐང་དེ་དག་གོང་མཐོར་གཏོང་རྒྱུའི་ཐད་བསླབ་བྱ་སྐྱོན་བཞིན་ཡོད།
ནང་པའི་ལྟ་གྲུབ་ལ་མཚོན་ན། ཧ་ཅང་ཟབ་ཅིང་རླིངས་པོ་ཡོད། ཚན་རིག་དང་དཔུང་པ་མཉམ་གཤིབ་བྱས་ནས་འགྲོ་ཐུབ་མཁན་ཞིག་ཡིན། ངོས་ཀྱིས་ཚན་རིག་པ་དང་ལྷན་འབྲེལ་བ་བྱས་ནས་ལོ་ངོ་ ༣༠ ལྷག་འགྲོ་བཞིན་འདུག ཚན་རིག་པ་ཚོས་ཀྱང་ནང་ཆོས་ཀྱིས་མིའི་བཟང་ཕྱོགས་ཀྱི་བློ་གོང་མཐོར་བཏང་བ་བརྒྱུད་སེམས་ཞི་བདེ་བག་ཕེབས་དང་བདེ་སྐྱིད་བསྐྲུན་ཐུབ་བཞིན་ཡོད་པ་ར་སྤྲོད་བྱུང་ནས་དོ་སྣང་ཧ་ཅང་ཆེན་པོ་བྱེད་བཞིན་འདུག
གལ་ཆེ་ཤོས་ནི་སྟོན་པ་བཅོམ་ལྡན་འདས་རང་ཉིད་ཀྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ།། ཞེས་གསུངས་ཡོད། བཅོམ་ལྡན་འདས་རང་ཉིད་ཀྱི་གསུང་ལ་ཡིན་ནའང་བརྟག་དཔྱད་བྱོས། ཞེས་གསུངས་ཡོད། ཅེས་བཀའ་སློབ་སྩལ་བསྟུན། བོད་རིགས་ཁག་གཅིག་ལ་བླང་དོར་བཀའ་སློབ་སྩལ་དོན།
བོད་པ་ཚོས་སོ་སོའི་བོད་ཀྱི་སྐད་ཡིག་ལ་དོ་སྣང་ངེས་པར་དུ་སྤྲོད་དགོས། དེང་སྐབས་འཛམ་གླིང་འདིའི་ནང་དུ་དཔལ་ན་ལེནྡྲའི་མཁས་པ་ཚོས་བརྩམས་པའི་གཞུང་ལུགས་དེ་དག་འགྲེལ་བཤད་མཐིལ་ཕྱིན་པ་ཞིག་རྒྱག་དགོས་ན་བོད་སྐད་ནང་བཞིན་སྐད་ཡིག་གཞན་གཅིག་ཀྱང་མཐོང་རྒྱུ་མེད། ལྷག་པར་དུ་ནང་ཆོས་ནས་གསུང་པའི་ཚད་མ་རིག་པ་དང་ལྟ་གྲུབ་ཀྱི་རྣམ་གཞག་དེ་དག་ལ་སློབ་སྦྱོང་ངེས་པར་དུ་བྱེད་དགོས།
མིའི་སེམས་ཁམས་རིག་པའི་རྣམ་གཞག་འགྲེལ་བཤད་བརྒྱབ་སྐབས་ནང་ཆོས་ནས་གསུང་པའི་སེམས་ཁམས་རིག་པའི་རྣམ་གཞག་དེ་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད་པ་ཚན་རིག་པ་རང་གིས་བརྗོད་བཞིན་ཡོད། ཅེས་བཀའ་སློབ་སྩལ། དེ་རྗེས་༸གོང་ས་མཆོག་གིས་སྤྱོད་འཇུག་ཆེན་མོའི་བཀའ་ཆོས་འཕྲོ་སྐྱོང་མཛད་འདུག
ཕྱི་ཚེས་ ༡༣ ཉིན་མགོན་པོ་གང་ཉིད་མཆོག་གིས་སྒྲོལ་ལྗང་གི་རྗེས་གནང་སྩལ་གནང་མཛད་རྒྱུ་ཡིན་འདུག་པ་བཅས།།