༢༠༡༦ ཟླ་ ༡༡ ཚེས་ ༦ རེས་གཟའ་ཉི་མ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༡ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་རྭའི་སྟེང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་རྒྱ་གར་བྷི་ཇེ་པི་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི། དེ་བཞིན་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་སྐུ་ཞབས་ཤཱན་ཏ་ཀུ་མཱར་ Shri Shanta Kumar མཆོག་དང་ཁོང་གི་སྐུ་ཟླ་ལྕམ་སྐུ་སན་ཏོ་ཤི་ཤེལ་ཇ་མཆོག Smt Santosh Shailja རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་རཱམ་སྭ་རུབ་ Shri Ram Swaroop མཆོག ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་སལ་ཝིན་ཅོ་དེ་རི་ Shri Salveen Chaudary མཆོག ཧི་མཱ་ཅལ་མངའ་སྡེའི་བློན་ཆེན་ཟུར་པ་ཀྲི་ཤན་ཀུ་མཱར་ Shri Kishan Kumar མཆོག རྩོམ་པ་པོ་ Shri Hemraj Kaushik ལགས། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དེ་བཞིན་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ། ཕྱི་ནང་གི་གསར་འགོད་པ། སེར་སྐྱ་མི་མང་བཅས་ཚང་འཛོམས་ཐོག
༸གོང་ས་མཆོག་གིས་སྐུ་ཞབས་ཤཱན་ཏ་ཀུ་མཱར་མཆོག་གིས་བརྩམས་པའི། ཧི་མཱ་ལ་ཡི་སྟེང་དམར་པོའི་དྲིབ་གཟུགས་ལྡིང་བ། Red Shadow over the Himalayas ཞེས་པ་དང། ཁོང་གི་སྐུ་ཟླ་ལྕམ་སྐུ་སན་ཏོ་ཤི་ཤེལ་ཇ་མཆོག་གིས་བརྩམས་པའི། གལ་སྲིད་སྟོན་དུས་འཆར་བ་ཡིན་ན། If Autumn comes ཞེས་པ་དང་། གཞན་ཡང་རྩོམ་པ་པོ་ཧེམ་རཱཇ་ཀོ་ཤིག་ལགས་ཀྱིས་སྐུ་ཞབས་ཤཱན་ཏ་ཀུ་མཱར་མཆོག་གི་སྐུ་ཚེའི་ལོ་རྒྱུས་སྐོར་གྱི་དཔེ་དེབ་བཅས་ཁྱོན་དེབ་གསུམ་དབུ་འབྱེད་མཛད།
སྐབས་དེར་སྐུ་ཞབས་ཤཱན་ཏ་ཀུ་མཱར་མཆོག་གིས་གསུང་བཤད་གནང་དོན། བོད་ཀྱི་༸གོང་ས་ཏཱ་ལི་བླ་མ་མཆོག་གི་འཚེ་མེད་ཞི་བ་དང་བྱམས་བརྩེའི་ཉམས་ལེན་གྱི་བཀའ་སློབ་ལམ་སྟོན་དེ་དག་ལ་འཛམ་གླིང་མི་མང་ས་ཡ་མང་པོས་གདེང་འཇོག་ཧ་ཅང་ཚད་མཐོན་པོས་ཆེ་བསྟོད་རྒྱ་ཆེ་ཞུ་བཞིན་ཡོད་སྟབས། དེ་ལྟ་བུའི་མང་ཚོགས་ཁྲོད་ཤུགས་རྐྱེན་སྦྱིན་གནང་མཛད་མཁན་གྱི་དབུ་ཁྲིད་ནི་བོད་ཀྱི་༸གོང་ས་ཏཱ་ལའི་བླ་མ་མཆོག་ཁོང་ཉག་གཅིག་མ་གཏོགས་གཞན་སུའང་མེད། དེར་བརྟེན་རྒྱ་གར་གཞུང་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་འགྲོ་བ་མི་སྡེའི་སྤྱི་ཚོགས་ཀྱི་བདེ་ཐབས་ལ་སྨན་པའི་ཞབས་འདེགས་རླབས་པོ་ཆེ་བསྒྲུབས་དང་སྒྲུབ་མུས་ལ་ངོས་འཛིན་ཞུས་པའི་ཐོག་ནས་རྒྱ་གར་སྤྱི་དམངས་ཀྱི་གཟེངས་རྟགས་ཆེ་མཐོང་ཆེ་ཤོས་སུ་གྲགས་པ་རྒྱ་གར་གྱི་རིན་པོ་ཆེ། Bharat Ratna ཞེས་པ་དེ་ངེས་པར་དུ་འབུལ་ལམ་ཞུ་དགོས། ཞེས་དེ་རིང་འདིར་ངས་ཚོར་ཤུགས་ཆེན་པོས་རེ་འདུན་ཞུ་རྒྱུ་ཡིན།
དེ་འདྲ་ཞིག་བྱུང་བ་ཡིན་ན། བོད་ལ་རྒྱ་གར་གྱི་ཡིད་ཆེས་ཡོད་པའི་རྣམ་པ་གསལ་སྟོན་ཐོག་མིག་དཔེ་བཟང་པོ་ཞིག་བསྐྲུན་ཐུབ་རྒྱུ་རེད། ༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་འཛམ་གླིང་ནང་ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱིས་གཙོས་ཆེ་བསྟོད་ཀྱི་གཟེངས་རྟགས་ཧ་ཅང་མང་པོ་འབུལ་ལམ་ཞུས་ཟིན་སྟབས། རྒྱ་གར་གཞུང་གིས་ཁོང་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་འབུལ་ལམ་ཞུ་རྒྱུའི་ཐད་རྗེས་ལུས་མ་ཐེབས་པ་གནང་རོགས།
བོད་མི་ཚོར་དྲང་བདེན་མ་བྱུང་བ་དེ་ནི་བློ་ཕམ་ཆེ་ཤོས་ཀྱི་གནས་ཤིག་ཡིན་སྟབས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོས་རྒྱལ་སྤྱིའི་ཚོགས་པ་སྒྲིག་འཛུགས་ཁག་གིས་བོད་དོན་ཐད་རྒྱབ་སྐྱོར་གནང་དགོས། དེ་རིང་འདི་གར་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ཕྱག་ནས་དཔེ་དེབ་འདི་དག་དབུ་འབྱེད་མཛད་རྒྱུའི་བསྐལ་བཟང་གི་གོ་སྐབས་ཐོབ་པ་དེར་ང་རང་ལ་དགའ་སྤོབས་ཧ་ཅང་ཆེན་པོ་ཐོབ་བྱུང་།
ངའི་དེབ་འདི་ཐོག་མར་འདོན་སྤེལ་བྱས་ནས་ད་ལྟ་མི་ལོ་ ༥༠ སོང་རྗེས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཐོག་རྒྱ་ནག་གཞུང་གིས་དམག་སྒར་དང་དམག་མིའི་མོ་ཊ་འགྲོ་ལམ་རྒྱ་སྐྱེད་བཏང་བ་སོགས་ཀྱིས་མཚོན་གྲ་སྒྲིག་རྒྱ་ཆེ་བྱེད་བཞིན་པར་བརྟེན་ཉེན་ཚབས་ཆེ་རུ་འགྲོ་བཞིན་ཡོད་པ་མ་ཟད། ཉེ་བའི་འཆར་རྒྱ་གར་ས་མཚམས་དམག་མི་དང་དངོས་སུ་གདོང་ཐུག་བྱས་ནས་ཁ་གཏད་ཀྱི་རྣམ་འགྱུར་མངོན་གསལ་སྟོན་བཞིན་ཡོད།
ལྷག་པར་དེང་སྐབས་རྒྱ་ནག་དང་པ་ཀི་སི་ཐན་གཉིས་འབྲེལ་ལམ་ཉེ་རུ་འགྲོ་བཞིན་ཡོད་པ་དེར་རྒྱ་གར་གཞུང་གིས་སེམས་འཚབ་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་ཡོད། ཅེས་སོགས་གསུངས། སྤྱིར་དཔེ་དེབ་དེ་ཕྱི་ལོ་ ༡༩༦༢ ལོར་རྒྱ་དཀར་ནག་གཉིས་དམག་འཁྲུག་ཤོར་ནས་ལོ་གསུམ་གྱི་རྗེས་སུ་ཕྱི་ལོ་ ༡༩༦༥ ལོར་ཐོག་མར་འདོན་སྤེལ་གནང་བ་ཞིག་ཡིན་འདུག་པ་དང་། ཐེངས་འདིར་དེ་སྔའི་དཔེ་དེབ་དེར་བསྐྱར་ཞིབ་ཇི་དགོས་ཁག་ད་ལྟའི་གནས་སྟངས་ལ་གཞིགས་ནས་གནང་མཐར་ཕྱོགས་སྒྲིག་གནང་བ་ཞིག་ཡིན་འདུག་པ་དང་། དཔེ་དེབ་ཀྱི་སྔོན་གླེང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་མཛད་འདུག་པ་བཅས།།