༢༠༡༦ ཟླ་ ༡༡ ཚེས་ ༨ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་གྱི་རྒྱལ་ས་ཊོག་ཡོའི་ན་རི་ཏ་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་འདུག དེ་ཡང་མགོན་པོ་གང་ཉིད་མཆོག་གནམ་ཐང་དུ་རྒྱ་གར་གཞུང་ཚབ་ཁང་གི་སྐུ་ཚབ་དང་ཉི་ཧོང་སྐུ་ཚབ་དོན་གཅོད་ལུང་རྟོགས་ལགས། དེ་བཞིན་སེ་ཕུ་སློབ་གྲྭ་ཆེ་བའི་ Seifu High School སློབ་སྤྱི་སྐུ་ཞབས་ཧི་རའོ་ཀ་ཀོའི་ཅི་ Mr Hiraoka Kouichi མཆོག་དང་། གདན་ཞུ་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་བཅས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས། གནམ་ཐང་གི་སྐུ་ངལ་གསོ་སའི་མགྲོན་ཁང་དུ་བོད་མི་ ༡༠༠ ལྷག་གིས་ལག་ཏུ་དཀར་གཙང་མཇལ་དར་ཐོགས་ནས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ཕེབས་བསུ་ཞུས།
དེ་རྗེས་གསར་འགོད་པ་ཁག་གཅིག་གི་དྲི་བར་༸གོང་ས་མཆོག་གིས་བཀའ་ལན་སྩལ་དོན། ངོས་རང་གཞོན་སྐྱེས་ཚོ་དང་ཐུག་ནས་སྐད་ཆ་ཤོད་རྒྱུ་དགའ་པོ་ཡོད། གང་ཡིན་བརྗོད་ན་ཁོང་ཚོར་དུས་རབས་ ༢༡ འདི་ཞི་བདེ་བརྟན་ལྷིང་ལྡན་པའི་དུས་རབས་ཤིག་བཟོ་རྒྱུའི་འགན་དབང་ཡོད། ཅེས་བཀའ་ལན་སྩལ་བ་མ་ཟད། དོན་དམ་གྱི་བདེ་སྐྱིད་དེ་སེམས་ནང་ཞི་བདེ་བསྐྲུན་ནས་ཡོང་དགོས་པ་ལས་ཕྱི་དངོས་པོའི་མཐུན་རྐྱེན་རྐྱང་པས་བདེ་སྐྱིད་ངོ་མ་སྐྲུན་ཐབས་མེད། དེར་བརྟེན་ནང་གཤིས་རྒྱུད་དང་འབྲེལ་བའི་བྱམས་པ་དང་བརྩེ་བ་སོགས་བཟང་པོའི་རིན་ཐང་དེ་དག་གོང་མཐོར་གཏོང་རྒྱུ་ཧ་ཅང་དགོས་གལ་ཆེན་པོ་ཆགས་ཡོད་སྐོར་བཀའ་ལན་སྩལ།
ཐེངས་འདིར་༸གོང་ས་མཆོག་གིས་ཕྱི་ཚེས་ ༩ ནས་ ༢༦ བར་ཆོས་འབྲེལ་སོགས་མཛད་འཕྲིན་རྒྱ་ཆེ་བསྐྱང་གནང་མཛད་རྒྱུ་ཡིན་འདུག དེ་ཡང་ཐོག་མར་༸གོང་ས་མཆོག་རྒྱལ་ས་ཊོག་ཡོའི་ Tokyo ནང་རྟེན་གཞི་བྱས་པའི་ཧོན་གན་ཇི་ནང་པའི་ལྷ་ཁང་ Honganji Temple དུ་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས་ཕྱི་ཚེས་ ༩ ཉིན་ཆིབས་སྒྱུར་བསྐྱངས་གནང་མཛད་རྒྱུ་དང་། སྐབས་དེར་ལྷ་ཁང་དེའི་དབུ་བླ་ཨོ་ཏ་ནི་ཅོ་ཇོ་ཡོན་ Otani Choujyun མཆོག་གིས་༸གོང་ས་མཆོག་ལ་ཕེབས་བསུའི་སྣེ་ལེན་ཞུ་རྒྱུ་ཡིན་འདུག དེ་རྗེས་ནང་ཆོས་ཀྱི་སྙིང་པོ་། ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ནང་ལྷན་ཞུགས་མཛད་རྒྱུ་ཡིན་འདུག སྤྱིར་ལྷ་ཁང་དེ་ནི་ཉི་ཧོང་གི་ནང་པའི་དགེ་འདུན་པ་སྐུ་ཞབས་ཤིན་རན་ Shinran ཞེས་པ་ཁོང་ནས་ལོ་ངོ་ ༨༠༠ གོང་ཕྱག་བཏབ་པ་ཞིག་ཡིན་འདུག
ཉི་ཧོང་ནང་གི་མཛད་འཕྲིན་གཞན་རྣམས་ནི་སྤྱོད་འཇུག་དང་སྒྲོལ་དཀར་དབང་། མི་གཡོ་བའི་རྗེས་གནང་སོགས་སྩལ་གནང་མཛད་རྒྱུ་མ་ཟད། སློབ་གྲྭ་དང་གཙུག་ལག་སློབ་གྲྭ་ཁག་སོགས་ནང་དུས་རབས་ ༢༡ ནང་པ་ཚོར་བཀྲི་བའི་ལས་འགན། ཞེས་དང་བྱམས་བརྩེ་ནི་བདེ་སྐྱིད་ཀྱི་རྩ་བ་ཡིན། ཞེས་སོགས་ཀྱི་ཐོག་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་འདུག ཐེངས་འདིར་༸གོང་ས་མཆོག་ཉི་ཧོང་དུ་ཆིབས་སྒྱུར་སྐྱངས་ཐེངས་ ༢༣ ཆགས་ཡོད། ༸གོང་ས་མཆོག་ཉི་ཧོང་དུ་ཕྱི་ལོ་ ༡༩༦༧ ལོར་ཐེངས་དང་པོར་ཆིབས་སྒྱུར་བསྐྱངས་ཡོད་པ་བཅས།།