༢༠༡༦ ཟླ་ ༡༡ ཚེས་ ༢༥ རེས་གཟའ་པ་སངས།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༢༡ ནས་བཟུང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གིས་རྒྱ་གར་རྒྱལ་ས་ལྡི་ལིར་རྒྱ་གར་གྱི་བློན་ཆེན་དང་། གྲོས་ཚོགས་གོང་འོག་གི་འཐུས་མི་བཅས་ལ་མཇལ་འཕྲད་ཀྱི་ད་ལྟ་བོད་ནང་གི་ཛ་དྲག་གི་གནས་ཚུལ་དང་རང་ལུས་མེ་སྲེག་སོགས་ཀྱི་རྒྱ་ནག་གཞུང་ལ་ཞི་རྒོལ་བྱུང་བ་ཁག་སྙན་སེང་དང་འབྲེལ། བོད་དོན་ལ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་གནང་བཞིན་པར་ཕྱི་ཚེས་ ༢༣ ཉིན་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ Shre Sharad Tripathi མཆོག་དང་མཇལ་འཕྲད་ཞུས་ནས་བོད་དང་འབྲེལ་བའི་ཁོར་ཡུག་དང་། བཙན་བྱོལ་ནང་བོད་མིའི་གནས་སྟངས་སོགས་ངོ་སྤྲོད་དང་སྙན་སེང་ཞུས།
དེའི་རྗེས་གྲོས་ཚོགས་གོང་འོག་གི་འཐུས་མི་ Prem Singh Chandumajra དང་ Shre Alok Sanjar, Shre Chhedi Paswan, Shre Joice George, Shre Ram Nath Thakur བཅས་མཇལ་འཕྲད་གནང་ནས་བོད་དོན་དང་འབྲེལ་བའི་གནས་ཚུལ་སྙན་སེང་དང་ངོ་སྤྲོད་ཞུས།
ཕྱི་ཚེས་ ༢༤ ཉིན་སྔ་དྲོ་ཚོུད་ ༩།༠༠ ཐོག་ཞིང་ལས་བློན་ཆེན་ Shre Radha Mohan Singh མཆོག་དང་མཇལ་འཕྲད་གནང་ནས་ད་ལྟའི་ཆར་བོད་ནང་ལ་དམ་བསྒྲགས་དང་རྒྱ་དཀར་ནག་གི་འབྲེལ་ལམ་བརྒྱུད་བོད་དོན་གླེང་སློང་ཡོང་ཐབས་དང་། ཁོར་ཡུག་སོགས་ཀྱི་སྐོར་སྙན་སེང་དང་ངོ་སྤྲོད་ཞུས། དེའི་རྗེས་གྲོས་ཚོགས་འོག་མའི་འཐུས་མི་ Shre Ajay Nishad མཆོག་དང་ Shre Ramchandra Paswan, ལྕམ་སྐུ་ Smt.Ramadevi Smt.Geetha Kothaplli, Shre Anant Kumar Hegde བཅས་མཇལ་འཕྲད་ཞུས་ནས་གོང་བཞིན་བོད་དོན་ངོ་སྤྲོད་ཞུས།
ཕྱི་དྲོ་ཚོུད་ ༤།༣༠ ཐོག་རྒྱ་གར་ཏ་མིལ་ན་དྷུའི་བློན་ཆེན་ཟུར་པ Karunanidhi མཆོག་གི་སྲས་མོ་ད་ལྟའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ Kanimozhi Karunanidhi མཆོག་མཇལ་འཕྲད་གནང་ནས་བོད་ནང་རང་ལུས་མེ་སྲེག་གི་གཙོས་པའི་ཛ་དྲག་གནས་ཚུལ་དང་བོད་དོན་དཀའ་རྙོག་སེལ་ཐབས་ལ་རྒྱབ་སྐྱོར་ཡོང་ཐབས་སོགས་ཞུས།
དེ་རྗེས་ཕྱི་དྲོ་ཆུ་ཚོད་ ༥།༠༠ ཐོག་གྲོས་ཚོགས་འཐུས་མི་ Kamalbhan Sigh མཆོག་དང་། Rolnad Sapa tlau མཆོག་རྣམ་གཉིས་མཇལ་འཕྲད་གནང་ནས་གོང་ལྟར་ངོ་སྤྲོད་སྙན་སེང་ཞུས། འཐུས་མི་རྣམ་པ་ཚང་མས་ཧ་ཅང་དོ་སྣང་དང་ཐུགས་ཁུར་ཆེན་པོའི་ངང་ནས་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེར་སྟོན་གནང་འདུག ད་བར་གྲོས་ཚོགས་འཐུས་མི་དང་བློན་ཆེན་ཁྱོན་ཉེར་བརྒྱད་དང་། སྲིད་དོན་ཚོགས་པ་ཁག་བཅུ་གཅིག་བཅས་ཀྱི་འཐུས་མི་མཇལ་འཕྲད་གནང་ནས་བོད་དོན་དང་འབྲེལ་བའི་ཛ་དྲག་གནས་སྟངས་རྣམས་རྒྱ་གར་སྲིད་འཛིན་དང་སྲིད་བློན་གྱི་མཚན་ཐོག་ལ་ཡང་སྙན་ཞུ་འབུལ་རྒྱུའི་ཞལ་བཞེས་བཟང་པོ་ཐོབ་ཡོད་པ་བཅས།།