༢༠༡༦ ཟླ་ ༡༡ ཚེས་ ༡༠ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༨ ཉིན་སྦར་སེལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ཨིན་ཡུལ་ལྗང་ཁུ་ཚོགས་པའི་ཡུ་རོབ་གྲོས་ཚོགས་འཐུས་མི་དང་ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་བཞི་ཡོད་ཁོངས་ནས་གཅིག་ཡིན་པ་ལྕམ་སྐུ་མོ་ལི་སི་ཀོ་ཊི་ཀ་ཊོ་Ms Molly Scott-Cato མཆོག་མཇལ་འཕྲད་གནང་འདུག དོན་ཁང་གི་ལས་བྱེད་རིག་འཛིན་ཆོས་སྒྲོན་ལགས་ལྷན་བཅར་ཞུས་འདུག
དེ་ཡང་ཆུ་ཚོད་གཅིག་རིང་གི་མཇལ་འཕྲད་སྐབས་སྐུ་ཚབ་དོན་གཅོད་ནས། ཡུ་རོབ་གྲོས་ཚོགས་ཀྱིས་ད་བར་མུ་མཐུད་བོད་དོན་ཐོག་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་གནང་བར་བཀའ་དྲིན་རྗེས་དྲན་ཞུས་པ་དང་ཆབས་ཅིག ཡུ་རོབ་མཐུན་ཚོགས་དང་ཡུ་རོབ་གྲོས་ཚོགས་ཀྱིས་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་གནང་བཞིན་པ་དེ་ཇི་ཙམ་གལ་གནད་ཆེན་པོ་ཆགས་ཡོད་སྐོར་དང་། ༸གོང་ས་མཆོག་གིས་མཛད་འཕྲིན་སྐྱོང་བཞིན་པའི་གནས་སྟངས་སྤྱི་དང་། ལྷག་པར་དེང་སྐབས་མགོན་པོ་གང་ཉིད་མཆོག་གིས་ཉི་ཧོང་ཁུལ་དུ་ཆིབས་སྒྱུར་བསྐྱངས་ཏེ་མཛད་འཕྲིན་རྒྱ་ཆེ་བསྐྱང་གནང་མཛད་བཞིན་ཡོད་སྐོར་སོགས་ཞུས།
གཞན་ཡང་མཇལ་འཕྲད་སྐབས་ཕྱོགས་གཉིས་པོས་ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་ཐོག་ལས་འགུལ་སྣ་མང་སྤེལ་དང་སྤེལ་མུས་སྐོར་གླེང་མོལ་གནང་བའི་ཁྲོད། རིང་མིན་ལི་ཐང་སྤྲུལ་སྐུ་ཞིང་གཤེགས་དམ་པ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཚ་མོ་ཉི་མ་ལྷ་མོ་ལགས་བྷེལ་ཇམ་དང་ཕ་རན་སི་ཁུལ་དུ་ཞུ་གཏུག་ཆེད་མགྲོན་འབོད་གནང་བའི་སྐོར་སོགས་གོ་བསྡུར་གནང་ཡོད་པ་དང་།
ལྕམ་སྐུ་མཆོག་ཉེ་ཆར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཐོབ་པར་དགའ་ཚོར་ཆེན་པོ་བྱུང་ཡོད་སྐོར་གསུངས་པ་དང་ཆབས་ཅིག ཡུ་རོབ་གྲོས་ཚོགས་འཐུས་མི་རྣམས་ཀྱི་ཡིག་ཚང་དུ་ཕྱག་རོགས་ཞུ་མཁན་ཁག་གཅིག་ལས་གྲུབ་པའི་གཞུང་འབྲེལ་མིན་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་ཐུབ་པ་དེར་རྒྱབ་སྐྱོར་ཡོད་སྐོར་དང་། དེ་བཞིན་ཁོང་གིས་ལྗང་ཁུ་ཚོགས་པའི་ཁོངས་ཡོད་པའི་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མིའི་་ཁྲོད་བོད་དོན་རྒྱབ་སྐྱོར་གྱི་འབྲེལ་ལམ་རྒྱ་སྐྱེད་གཏོང་ཐབས་བྱ་རྒྱུ་ཡིན། ཞེས་ཁས་ལེན་ཡང་གནང་འདུག
མཇལ་འཕྲད་འདི་ནི་ཡུ་རོབ་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་ཤུགས་ཆེ་རུ་གཏོང་རྒྱུའི་ལས་དོན་གྱི་ཆ་ཤས་ཤིག་ཡིན་འདུག །