༢༠༡༦ ཟླ་ ༡༡ ཚེས་ ༢༩ རེས་གཟའ་མིག་དམར།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། དེ་ཡང་ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༢༨ ཉིན་རྒྱབ་རྡ་ས་མེག་གྷན་ནོར་བུ་གསོལ་མགྲོན་ཁང་དུ་གཞུང་འབྲེལ་མིན་པའི་ཚོགས་པ་བོད་ཀྱི་འགྲོ་བའི་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བོད་དོན་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་ཕྱག་དེབ་པར་བསྐྲུན་གནང་བ་ལེགས་གྲུབ་ཟིན་ནས་དབུ་འབྱེད་གནང་རྒྱུའི་མཛད་རིམ་ཐོག་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གདན་ཞུས་ལྟར་ཆེད་ཕེབས་ཀྱིས་དཔེ་དེབ་དབུ་འབྱེད་གནང་ཡོད་པ་དང་། ཐོག་མར་བོད་ཀྱི་འགྲོ་བའི་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ནས་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་ཕྱག་དེབ་པར་བསྐྲུན་ཞུ་དགོས་པའི་རྒྱུ་མཚན་གཏམ་བཤད་གནང་ཟིན་རྗེས། སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་ཕྱག་དེབ་དབུ་འབྱེད་གནང་བ་དང་འབྲེལ་གསུང་བཤད་གནང་དོན།
གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་བོད་དོན་ཞི་བའི་འཐབ་རྩོད་གནང་བའི་ཐོག་མའི་ཀུན་སློང་དང་། དམིགས་ཡུལ། འཐབ་རྩོད་ནང་དངོས་སུ་ཞུགས་པའི་རྒྱབ་ལྗོངས་སོགས་བརྒྱུད་ལམ་ཁག་ཏུ་རྒྱུས་ལོན་བྱས་པ་ཡིན། ཁོ་རང་གིས་ཞི་བའི་འཐབ་རྩོད་གནང་བའི་ཐོག་མའི་ཀུན་སློང་དེ་ཕྱི་ལོ་ ༡༩༩༣ ལོར་ཁོང་གིས་བོད་ནང་རྒྱ་མིས་བཙན་འཛུལ་བྱས་པའི་དངོས་བྱུང་གློག་བརྙན་ཞིག་གཟིགས་ཡོད་པ་དང་། སྐབས་དེ་དུས་ཁོ་རང་གྲྭ་བ་ཡིན་པ་དང་ལོ་ཡང་ ༡༦ ལ་སོན་པ་ཞིག་ཡིན་འདུག ང་ཚོའི་མི་རིགས་འདིས་དཀའ་ངལ་འདི་འདྲ་ཞིག་མྱངས་འདུག་བསམ་པའི་ཐོག་ནས་ཁོ་རང་ལ་བོད་དོན་ཞི་བའི་འཐབ་རྩོད་ཀྱི་ཀུན་སློང་དང་པོ་དེ་ནས་བྱུང་འདུག ཀུན་སློང་དེ་འདྲ་ཞིག་གི་འོག་ནས་ཁོང་བཙན་བྱོལ་ནང་འབྱོར་རྗེས། ཁོང་གི་དམིགས་ཡུལ་ནི། བོད་ལ་རང་དབང་དང་། རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་མ་ཐུབ་པར་དུ་ཞི་བའི་འཐབ་རྩོད་གནང་རྒྱུའི་དམིགས་ཡུལ་བཅངས་ཡོད་འདུག
དངོས་སུ་ཞི་བའི་འཐབ་རྩོད་ཞུགས་པའི་སྐབས། སྤྱིར་བཏང་ཞི་བའི་འཐབ་རྩོད་གནང་ཕྱོགས་རིགས་འདྲ་མིན་ཡོང་ཆོག དཔེར་ན་ཟས་བཅད་དང་། ངག་བཅད། དེ་བཞིན་གོམ་བགྲོད། རྩོམ་འབྲི་རྒྱུ དུས་དེབ་འདོན་རྒྱུ་སོགས་ཡོད། དེ་དག་སྒྲིག་འཛུགས་དང་སྒེར་སོ་སོའི་ངོས་ནས་གནང་ཆོག་ཀྱང་། གླིང་ཚ་ལགས་ཀྱི་ཞི་བའི་འཐབ་རྩོད་དེ་ཁོ་རང་སྒེར་ངོས་ནས་ཐག་གཅོད་གནང་བ་ཞིག་ཡིན་པ་དང་། དེ་ཡང་སོ་སོའི་དམིགས་ཡུལ་མ་འགྲུབ་པར་དུ་ཞི་བའི་འཐབ་རྩོད་གནང་རྒྱུའི་དམ་བཅའ་འཇོག་གནང་ཡོད་པ་མ་ཟད། ཁོ་རང་ཞི་བའི་འཐབ་རྩོད་ལ་ཞུགས་རྒྱུའི་ཀུན་སློང་རྣམ་དག་དང་ཆོད་སེམས་བརྟན་པོ་ཡོད་པ་གསལ་བོར་རྟོགས་ཐུབ་ཀྱི་འདུག དཔེར་ན། ཁོ་རང་བལ་ཡུལ་བཙོན་ཁང་ནང་ཟླ་བ་ ༩ ཙམ་རིང་བཞུགས་དུས་ཀྱང་། ཁོང་གིས་ཉེས་པ་བསགས་ནས་བཙོན་ཁང་དུ་བསླེབས་པ་མིན་པ་དང་། ངས་མི་རིགས་ཀྱི་འཐབ་རྩོད་ཐོག་ལས་ཀ་བྱས་ནས་ང་བཙོན་བཅུག་བྱས་པ་ཡིན་སྟབས། ང་ལ་སེམས་ཀྱི་དཀའ་ངལ་གང་ཡང་མེད་བཤད་པ་དང་། ངོ་མཚར་བ་ཞིག་ལ་བཙོན་ཁང་ནང་འདི་ལྟར་ལྷག་ན་མི་རིགས་ཀྱི་འཐབ་རྩོད་རྒྱུན་བསྲིང་རྒྱུ་ཡོང་གི་མེད་སྟབས་བཙོན་གྲོལ་ཐོབ་ཐུབ་ན་བསམ་པའི་ཀུན་སློང་སྐྱེས་འདུག
ཞི་བའི་གོམ་བགྲོད་ཐོག་མར་དེ་ཕྱི་ལོ་ ༢༠༡༢ ལོའི་གསུམ་བཅུའི་དུས་དྲན་ཉིན་ཁོང་གིས་རྡ་ས་ནས་ལྷ་ས་བར་ཞི་བའི་གོམ་བགྲོད་དང་པོ་མགོ་བརྩམས་ཡོད་པ་དང་། སྐབས་དེ་དུས་ཁོ་རང་གི་ཐག་གཅོད་གཞིར་བཟུང་ཐོག་དར་ཆ་རིགས་ཁ་ཤས་འཁྱེར་ཏེ། སྤྱི་ཚོགས་ནང་གླེང་སློང་གང་ཙམ་བྱུང་ཡོད་ཀྱང་། ཁོང་གིས་གླེང་སློང་དེ་དག་ལ་བཟང་སྤྱོད་ཀྱི་ཐོག་ནས་གདོང་ལེན་བྱས་ཏེ། སླར་ཡང་ཕྱི་ལོ་ ༢༠༡༣ ལོའི་གསུམ་བཅུའི་དུས་དྲན་ཉིན་གོམ་བགྲོད་ཐེངས་གཉིས་པ་མགོ་བཙུགས་ཡོད་པ་དང་། སྐབས་དེར་ཁོང་གིས་མང་ཚོགས་དང་སྤྱི་ཚོགས་ཀྱི་བསམ་ཕྱོགས་དང་བསྟུན་ཏེ་དར་ཆ་རིགས་མི་འདྲ་བ་འཁྱེར་མ་དགོས་པར་ཞི་བའི་འཐབ་རྩོད་མུ་མཐུད་གནང་བ་སོགས་ལ་བལྟས་ཡོང་དུས། ཁོང་གི་དམིགས་ཡུལ་དང་། སྙིང་སྟོབས་ཧ་ཅང་གི་རླབས་ཆེན་པོ་རེད་འདུག ང་ཚོ་བོད་པའི་སྤྱི་ཚོགས་ནང་ཞི་བའི་འཐད་རྩོད་ནང་དེ་འདྲའི་ཀུན་སློང་དང་དམིགས་ཡུལ་འཛིན་མཁན་མང་པོ་ཐོན་ཐུབ་དགོས་པ་དང་། ལྷག་པར་དུ་ཞི་བའི་འཐབ་རྩོད་ནང་ཞུགས་ཐུབ་དགོས་པ་གལ་ཆེན་པོར་མཐོང་གི་ཡོད།
གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་གར་སོང་ཆ་མེད་དུ་གྱུར་ནས་ལོ་གསུམ་ལྷག་ཕྱིན་ཡོད་སྟབས། དེའི་ཐོག་ལ་འབྲེལ་ཡོད་སོ་སོ་ནས་དོ་སྣང་གནང་གི་ཡོད་པ་རེད་ལ། ལྷག་པར་དུ་བོད་མིའི་སྒྲིག་འཛུགས་དང་འཛིན་སྐྱོང་གི་ངོས་ནས་ཀྱང་དོ་སྣང་གནང་བཞིན་ཡོད་པ་དང་། དེ་བཞིན་གནས་ཡུལ་གཞུང་གི་འབྲེལ་ཡོད་ནས་ཀྱང་དོ་སྣང་གནང་བཞིན་ཡོད། ཉེ་ཆར་ཕྱི་ཟླ་ ༡༠ ཚེས་ ༡༡ ཉིན་ཁོང་གི་སྐུ་ཟླ་དང་ཕྲུ་གུ་གཉིས་ལ་ཐུག་པ་ཡིན། སྐབས་དེར་ང་ཚོས་སྐད་ཆ་མང་པོ་ཞིག་བཤད་ཡོང་སྐབས་རང་བཞིན་གྱིས་སེམས་ནང་སྟོང་སང་སང་འདྲ་བོ་ཞིག་ཆགས་སོང་། སྐབས་དེར་ངས་ཁོང་ཚོར་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ནི་དམིགས་ཡུལ་དང་སྙིང་སྟོབས་ཆེན་པོ་ཡོད་མཁན་ཞིག་ཡིན་སྟབས། ཁྱེད་རང་ཐུགས་ཁྲལ་གནང་དགོས་མེད། ཁྱེད་ཚོ་ནང་མི་ལྷན་འཛོམ་ཡོང་གི་རེད།
ལྷག་པར་དུ་ཁྱེད་རང་གིས་ཕྲུ་གུ་གཉིས་ཀྱི་སློབ་སྦྱོང་དང་འཕྲོད་བསྟེན་ཐོག་ལ་འགན་འཁུར་རྒྱུ་གལ་ཆེན་པོ་རེད་ཅེས་ཞུས་པ་ཡིན། ད་ལྟ་བལྟས་ཡོང་ན་ངའི་སྐད་ཆ་དེ་ནོར་འདུག་སྙམ་པའི་ཚོར་བ་ཞིག་ཡོང་གི་མེད་པ་མ་ཟད། ཚེ་བརྟན་རྡོ་རྗེ་ལགས་ཀྱི་དམིགས་ཡུལ་ཞེ་དྲགས་ཆེན་པོ་རེད་འདུག བོད་ལ་རང་དབང་མ་ཐོབ་བར་དུ་དང་། སྐྱབས་མགོན་རིན་པོ་ཆེ་མཆོག་བོད་ནང་གདན་འདྲེན་ཞུ་མ་ཐུབ་བར་དུ། ཁོང་གིས་ཞི་བའི་འཐབ་རྩོད་གནང་རྒྱུའི་དམ་བཅའ་དང་དམིགས་ཡུལ་ཞིག་བཟུང་བ་ཡིན་སྟབས་ཉིན་གཅིག་ང་ཚོར་ཞི་བའི་འཐབ་རྩོད་ནང་མཉམ་ཞུགས་ཡོང་རྒྱུའི་རེ་བ་ཡོད་པ་བཅས་ཀྱི་གསུངས་བཤད་གནང་ཡོད། དེ་རྗེས་མདོ་སྨད་དབུས་རྒྱུན་ཚོགས་གཙོ་ལགས་དང་། མཇུག་ཏུ་ཨ་མ་སྡོམ་པོ་སྐྱིད་ལགས་ནས་གཏམ་བཤད་གནང་བ་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ནས་འབྲེལ་ཡོད་རྣམས་ལ་ཐུགས་རྗེ་ཆེ་ཞུས་གནང་བ་བཅས་ཀྱི་གནས་ཚུལ་དུ།