༢༠༡༦ ཟླ་ ༡༡ ཚེས་ ༢༥ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༢༡ ཉིན་རྟ་དབང་ལོ་འཁོར་གོམ་བགྲོད་ཆེན་མོ་ཐེངས་ ༥ ཐོག་ནང་བོད་མིའི་སྒྲིག་འཛུགས་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་སྐུ་མགྲོན་གཙོ་བོར་གདན་འདྲེན་ཞུས་པ་ལྟར་མཛད་སྒོའི་ཐོག་གསུང་བཤད་གནང་འདུག སྤྱིར་རྒྱལ་ཞེན་དང་རང་བྱུང་ཁོར་ཡུག ཆོད་དད་བཅས་བརྗོད་གཞི་གསུམ་གྱི་ཐོག་རྟ་དབང་ལོ་འཁོར་གོམ་བགྲོད་ལས་འགུལ་དེ་ཐོག་མར་ཕྱི་ལོ་ ༢༠༡༢ ལོར་རྒྱ་གར་རྒྱལ་ཡོངས་མངའ་སྡེ་ ༢༢ ནས་གོམ་བགྲོད་པ་མི་གྲངས་ ༡༧༥ འགོ་འཛུགས་གནང་བ་ཞིག་ཡིན་འདུག་ཅིང་།
ཐེངས་འདིར་གོམ་བགྲོད་ལས་འགུལ་ནང་མཉམ་ཞུགས་གནང་མཁན་མི་གྲངས་སྟོང་གཅིག་ཙམ་ཡོད་འདུག དེ་ཡང་ཁོང་རྣམས་ཀྱིས་ཕྱི་ཟླ་ ༡༡ ཚེས་ ༡༨ ཉིན་ཨ་སཱམ་རྒྱལ་ས་གྷོ་ཝ་ཧ་ཊི་ Guwahati ནང་ལས་འགུལ་ཐོག་མར་དབུ་འཛུགས་གནང་འདུག ལས་འགུལ་དངོས་སུ་དབུ་འཛུགས་གནང་མཁན་རྒྱ་གར་རྒྱལ་ཡོངས་དངས་བླང་ཞབས་ཞུ་ཚོགས་པ་ཨར་ཨེ་སི་ཨེ་སི་ RSS ཚོགས་པའི་འགོ་ཁྲིད་རྒན་གྲས་སྐུ་ཞབས་ཨིན་དེ་རེ་ཤི་ཀུ་མཱར་ Shri Indresh Kumar མཆོག་ཡིན་འདུག
དེ་ཡང་ནང་སྲིད་བཀའ་བློན་མཆོག་གིས་མཛད་སྒོར་གསུང་བཤད་གནང་དོན། བོད་འདི་ས་བབ་ཀྱི་ཆ་ནས་ལྷོ་ཨེ་ཤི་ཡའི་ནང་ས་གནས་གལ་ཆེ་ཞིག་ཆགས་ཡོད་པ་དང་། ལྷག་པར་བོད་དང་རྒྱ་གར་ཡུལ་གཉིས་དབར་ལོ་རྒྱུས་ཐོག་གནའ་སྔ་མོ་ནས་འབྲེལ་བ་དམ་ཟབ་ཡོད་པ་མ་ཟད། རྟ་དབང་ས་གནས་སུ་༸རྒྱལ་མཆོག་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་སྐུ་འཁྲུངས་ཡོད་པར་བརྟེན། བོད་མི་ནང་པ་ཚོས་གནས་རྩ་ཆེ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། རྒྱ་ནག་གཞུང་གིས་རྒྱ་སྐྱེད་རིང་ལུགས་ཀྱི་བསམ་ཚུལ་དེར་ང་ཚོས་སྐྱོན་བརྗོད་ཤུགས་ཆེ་བྱ་རྒྱུ་དང་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱུག་ཆུ་ཁག་ལ་རང་སྣང་གང་དྲན་གྱི་ཆུ་མཛོད་བརྒྱབ་དང་རྒྱག་བཞིན་པའི་བྱ་སྤྱོད་དེས་བོད་ཀྱི་གཤམ་འོག་རྒྱུག་ཆུ་དེ་དག་རྒྱུག་སའི་ས་གནས་ཁག་གི་ནང་མི་འབོར་ས་ཡ་མང་པོའི་འཚོ་བའི་རྟེན་གཞི་ལ་ཉེན་ཚབས་ཧ་ཅང་བཟོ་བཞིན་ཡོད་སྟབས་སེམས་འཚབ་བྱེད་དགོས་པའི་གནད་དོན་ཞིག་ཡིན། ཞེས་གསུངས། །