༢༠༡༦ ཟླ་ ༡༡ ཚེས་ ༢༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༢༣ རེས་གཟའ་ལྷག་པའི་ཉིན་ཡུ་རོབ་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་འབྲེལ་མཐུད་ཚོགས་པས་ (INPaT) ཐེངས་འདིར་སོག་པོའི་གཞུང་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་སོག་ཡུལ་དུ་ཆིབས་སྒྱུར་བསྐྱང་ཆེད་རྒྱ་ནག་གཞུང་གི་གནོན་ཤུགས་ལ་མ་འཛེམས་པར་མཐུན་འགྱུར་ཇི་དགོས་ཞུས་པར་བསྔགས་བརྗོད་གནང་བ་དང་སྦྲགས། ཚོགས་པའི་ཚོགས་གཞོན་སྐུ་ཞབས་ཐོ་མ་སི་མན་ Thomas Mann མཆོག་གིས་གསུང་དོན་ལྟར་ན། སོག་པོའི་སྲིད་གཞུང་མིག་དཔེར་བཟུང་ནས་འཛམ་གླིང་ནང་པའི་རྒྱལ་ཁབ་གཞན་ཚོས་ཀྱང་༸གོང་ས་ཏཱ་ལའི་བླ་མ་མཆོག་གདན་འདྲེན་ཞུ་ཐབས་གནང་དགོས་པའི་འབོད་སྐུལ་གནང་འདུག
དེ་ཡང་ཚོགས་གཞོན་མཆོག་གིས་གོང་ཚེས་ཉིན་བསྒྲགས་གཏམ་ཞིག་སྤེལ་བ་བརྒྱུད་ཚོགས་པའི་ངོས་ནས་ཐེངས་འདིར་བོད་ཀྱི་༸གོང་ས་ཏཱ་ལའི་བླ་མ་མཆོག་སོག་ཡུལ་དུ་ཆིབས་སྒྱུར་བསྐྱངས་གནང་མཛད་པ་དེར་དགའ་བསུ་ཞུ་རྒྱུ་དང་། སོག་ཡུལ་ནི་རང་དབང་ལྡན་པའི་ནང་པའི་རྒྱལ་ཁབ་གཅིག་ཡིན་སྟབས་ནང་པའི་དབུ་ཁྲིད་༸གོང་ས་ཏཱ་ལའི་བླ་མ་མཆོག་ཁུལ་དེར་གདན་འདྲེན་ཞུས་ནས་བཀའ་ཆོས་ཞུ་ཐུབ་པ་དེ་ནི་འོས་ཤིང་འཚམས་པ་ཞིག་དང་། ང་ཚོས་རྗེས་སུ་ཡི་རང་ཞུ་བཞིན་ཡོད། སོག་པོ་ཚོས་རང་གིས་གཅེས་འཛིན་བྱེད་བཞིན་པའི་རིན་ཐང་སྲུང་སྐྱོབ་ཆེད་ཕྱིའི་གནོན་ཤུགས་ལ་གདོང་ལེན་བྱེད་པའི་བྱ་སྤྱོད་དེར་ནང་པའི་ཡུལ་གྲུ་གཞན་ཚོས་མིག་དཔེ་བལྟ་དགོས། ཞེས་གསུངས།
པེ་ཅིང་སྲིད་གཞུང་གི་གནོན་ཤུགས་ཆེན་པོ་ཡོད་མིན་ལ་མ་ལྟོས་པར་༸གོང་ས་མཆོག་སོག་ཡུལ་དུ་གདན་འདྲེན་ཞུས་ནས་ཁོང་གི་༸སྐུ་དྲུང་ནས་ནང་ཆོས་དང་བཀའ་སློབ་ལམ་སྟོན་སོགས་ཡང་ཡང་ཞུ་བཞིན་ཡོད། སོག་ཡུལ་ཉེ་འཁོར་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་དད་ལྡན་རྗེས་འབྲང་པ་རྣམས་དང་རྒྱབ་སྐྱོར་ཞུ་མཁན་མི་མང་ཧ་ཅང་མང་པོ་ཞིག་གིས། ལོ་ངོ་བཅུ་ཕྲག་ནང་གྲང་ངར་ཆེ་ཤོས་སུ་བརྩི་བཞིན་པའི་འདི་ལོའི་དགུན་ཁ་གནམ་གཤིས་ཧ་ཅང་གྲང་ངར་ཆེན་པོ་ཡོད་ཀྱང་མ་འཛེམས་པར་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་༸ཞལ་མཇལ་གསུང་ཐོས་ཆེད་བཅར་བཞིན་ཡོད། ཐེངས་འདིར་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱ་སོག་ཡུལ་གྲུ་གཉིས་ཀྱི་འབྲེལ་ལམ་བཟང་པོ་རྒྱུན་སྐྱོང་ཡོང་སླད། སོག་པོའི་གཞུང་ནས་ཡུལ་དེར་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ཆིབས་སྒྱུར་ལ་དམ་བསྒྲགས་བྱེད་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་ཡོད་པ་བཅས།།