༢༠༡༦ ཟླ་ ༡༡ ཚེས་ ༣ རེས་གཟའ་ཕུར་བུ།
༄༅། །འདི་གར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་ ༢༠༡༦ ཟླ་ ༡༡ ཚེས་ ༣ ཉིན་བཏང་གནས་ནང་འཁོད་དོན།
ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༢ རེས་གཟའ་ལྷག་པའི་དགོང་དྲོར། བོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་། ཞེས་པས་གོ་སྒྲིག་གནང་བ་ལྟར། ལྷག་དཀར་འགྲོ་བ་མིའི་ཐོབ་ཐང་། ཞེས་པའི་བོད་དོན་ངོ་སྤྲོད་ཀྱི་ལས་འགུལ་སྤེལ། ཐེངས་འདིའི་བརྗོད་གཞི་གཙོ་བོ་ནི་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་ཡིན་ཞིང་། གཏམ་བཤད་གནང་མཁན་ནི་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་དང། གསར་འགྱུར་ལས་རིགས་ཀྱི་མི་སྣ་སྐུ་ཞབས་ཧེ་ཏོང་ཤིན་ལགས་དང་། ལྕམ་ཕེང་ཧུད་ཀྲེན་ལགས་བཅས་ཡིན།
དེ་ཡང་སྐུ་ཞབས་ཧོང་དང་ལྕམ་ཕེང་ལགས་རྣམ་གཉིས་འདི་ལོའི་འགོ་སྟོད་དུ་བཞུགས་སྒར་རྡ་རམ་ས་ལར་ཕེབས་ནས་གཙོ་བོ་༸གོང་ས་མཆོག་གིས་དབུས་བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་ཁག་གཅིག་དང་། དེ་བཞིན་གཞུང་དང་གཞུང་འབྲེལ་མིན་པའི་མཛད་གཙོ་རྣམ་པ་མཇལ་འཕྲད་དང་བཅར་འདྲི་ཞུས་པའི་ལེ་ཚན་ཁག་ཐེ་ཝན་གསར་འགྱུར་བརྒྱུད་ལམ་ཁག་ཏུ་སྤེལ་བ་མ་ཟད།རང་གི་དངོས་མཐོང་དང་འབྲེལ་བའི་ཐོག་ནས་ངོ་སྤྲོད་གནང་ཡོད།
སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་བཙན་བྱོལ་ནང་གི་བོད་མིའི་མང་གཙོའི་འཕེལ་རིམ་དང། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི། དེ་བཞིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ངོ་སྤྲོད་གནང་རྗེས། ཚོགས་ཞུགས་རྣམ་པའི་དྲི་བར་ལན་འདེབས་དང་ཕན་ཚུན་བགྲོ་གླེང་བཅས་གནང་ཡོད།
བོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་། ཞེས་པ་དེ་ནི་ཐེ་ཝན་ནང་གསར་དུ་བཙུགས་པའི་གཞུང་འབྲེལ་མིན་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་ཡིན་པ་དང་། ཟླ་རེའི་རེས་གཟའ་ལྷག་པ་དང་པོ་ནམ་ཡིན་ལ། ལྷག་དཀར་འགྲོ་བ་མིའི་ཐོབ་ཐང་། ཞེས་པའི་བགྲོ་གླེང་འདུ་འཛོམས་གོ་སྒྲིག་གནང་བཞིན་ཡོད། དེ་ཡང་བགྲོ་གླེང་སྐབས་བརྗོད་གཞི་ནི། བོད་ཀྱི་ཆོས་དང་རིག་གཞུང་། ཆབ་སྲིད། བོད་མིའི་རྒྱུན་ལྡན་འཚོ་བ་སོགས་ཡིན་པ་དང་། ད་བར་ལྷག་དཀར་འགྲོ་བ་མིའི་ཐོབ་ཐང་གི་ལས་རིམ་ཐེངས་བཞི་གོ་སྒྲིག་གནང་ཟིན་ཡོད།