༢༠༡༦ ཟླ་ ༡༡ ཚེས་ ༣༠ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༡༤ ནས་ ༡༩ བར་ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁུངས་དང་བདེ་སྐྱིད་གླིང་ས་གནས་འགོ་འཛིན་ལས་ཁུངས། དེ་བཞིན་ཇ་མི་ཡ་མི་ལི་ཡ་ཁ་ཆེའི་ Jamia Milia Islamia University མཐོ་སློབ་བཅས་ཀྱི་གོ་སྒྲིག་འོག་ Anwar Jamal Kidwai Mass Communication Research Centre ཞེས་པའི་གསར་འགོད་ལས་རིགས་ཉམས་ཞིབ་བསྟི་གནས་ཁང་དུ་གསར་འགོད་ལས་རིགས་ཐོག་གཙུག་ལག་རབ་འབྱམས་པའི་སློབ་གཉེར་གནང་བཞིན་པའི་སློབ་ཕྲུག་གྲངས་ ༢༣ དང་དགེ་རྒན་གྲངས་ ༣ བཅས་ཀྱིས་ལྡེ་ར་ལྡུན་བོད་མིའི་གཞིས་ཆགས་སུ་ཉིན་གྲངས་དྲུག་རིང་ཤེས་ཡོན་སྐོར་བསྐྱོད་གྱི་ལས་རིམ་ནང་མཉམ་ཞུགས་གནང་འདུག
དེ་ཡང་ཁོང་རྣམས་ཀྱིས་བོད་པའི་བུད་མེད་རྐང་རྩེད་སྤོ་ལོ་དང་། བོད་བརྒྱུད་ནང་བསྟན་གྱི་ཉམས་ལེན་དང་འབྲེལ་བའི་བཀོད་པ་དང་མཚོན་དོན་སོགས་སྒྱུ་རྩལ་གྱི་རྣམ་པ་འདྲ་མིན་ཁག་གཅིག དེ་བཞིན་བོད་མིའི་ཁ་ཟས་མོག་མོག་བཟོ་སྟངས་དང་། བོད་མི་དགེ་འདུན་པའི་གནས་སྟངས། དེ་བཞིན་བཙན་བྱོལ་བོད་མི་རྣམས་ཀྱིས་དམིགས་བསལ་ལྟ་སྐྱོང་དགོས་པའི་ཕྲུ་གུ་རྣམས་ལ་ལྟ་སྐྱོང་ཇི་ལྟར་བྱེད་བཞིན་པའི་སྐོར་སོགས་བརྗོད་གཞི་འདྲ་མིན་ཐོག་དངོས་བྱུང་གློག་བརྙན་བཟོ་ཐབས་གནང་ཡོད། སློབ་ཕྲུག་དེ་དག་གིས་ཟླ་གྲངས་གཅིག་ཙམ་རིང་དངོས་བྱུང་གློག་བརྙན་ ༡༧ བཟོས་ཡོད་པའི་ཁོངས་ནས་ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༢༤ ཉིན་ཇ་མི་ཡ་མི་ལི་ཡ་ཁ་ཆེའི་མཐོ་སློབ་ཏུ་བོད་ཀྱི་ཉིན་མོ་སྲུང་བརྩི་ཞུ་སྐབས་གློག་བརྙན་ ༥ དྲག་འདེམས་ཀྱིས་བསྟན་ཡོད་པ་མ་ཟད། གཙུག་ལག་སློབ་གཉེར་ཁང་ནས་དངོས་བྱུང་གློག་བརྙན་ལྔ་པོ་དེ་དེ་དག་རྒྱལ་ནང་དང་རྒྱལ་སྤྱིའི་སྡིངས་ཆའི་ཐོག་འགྲན་བསྡུར་ཆེད་གཏོང་རྒྱུ་ཡིན་འདུག་པ་བཅས། །