༢༠༡༦ ཟླ་ ༡༡ ཚེས་ ༢༣ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༢༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཁེ་ན་ཌའི་གྲོས་ཚོགས་འོག་མའི་ནང་ཕེབས་སྐབས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མིས་གཙོས་དབུ་ཁྲིད་རྣམས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པ་མ་ཟད། བོད་ཀྱི་གནད་དོན་ལ་ཐུག་སྐབས་གྲོས་ཚོགས་ནང་གི་གཞུང་འཛིན་དང་ཕྱོགས་འགལ་ཚོགས་པ་གཉིས་ལངས་ཕྱིག་གཅིག་གྱུར་ཐོག་ནས་རྒྱབ་སྐྱོར་གནང་བཞིན་ཡོད་པའི་རྣམ་འགྱུར་མངོན་གསལ་བྱུང་འདུག དེ་ཡང་ཁེ་ན་ཌའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་རིབ་ཝི་ར་ནི་ Arif Virani མཆོག་གིས་གྲོས་ཚོགས་ལས་རིམ་སྐབས་དཔལ་ལྡན་སྲིད་སྐྱོང་མཆོག་དང་ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་ངོ་སྤྲོད་གནང་སྐབས་གྲོས་ཚོགས་འཐུས་མི་རྣམས་ཀྱིས་ཡར་སྐུ་བཞེངས་ཐོག་དགའ་བསུའི་ཐལ་མོ་དང་སྦྲགས་འཚམས་འདྲི་ཤུགས་ཆེ་ཞུས་འདུག སྤྱིར་སྲིད་སྐྱོང་མཆོག་ཐེངས་འདིར་ཁེ་ན་ཌའི་ནང་ཉིན་གུསམ་གྱི་གཞུང་འབྲེལ་ཕྱོགས་ཕེབས་སྐབས་ཡུལ་དེའི་གྲོས་ཚོགས་ཀྱི་འཐུས་མི་མང་པོ་ཞིག་དང་མཇལ་འཕྲད་གནང་བའི་ཁྲོད། ཕྱོགས་འགལ་ཆབ་སྲིད་ཚོགས་པའི་དབུ་ཁྲིད་ལྕམ་སྐུ་རོ་ན་ཨམྦྷ་རོ་སི་ Ms Rona Ambrose མཆོག་དང་མཇལ་འཕྲད་གནང་འདུག
མཇལ་འཕྲད་སྐབས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་ནང་དུ་བོད་མིའི་ཆབ་སྲིད་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཧ་ཅང་ཛ་དྲག་པོ་ཡོད་པའི་སྐོར་ཙམ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱིས་ཆོད་སེམས་བརྟན་པོའི་ཐོག་ནས་བོད་རྒྱ་མི་རིགས་གཉིས་སྨན་གྱི་སྲིད་བྱུས་གཞི་རྩར་བཟུང་པའི་དབུ་མའི་ལམ་གྱི་ལངས་ཕྱོགས་རྒྱུན་སྐྱོང་བྱེད་བཞིན་ཡོད་སྐོར་དང་། གསེར་རྟ་བླ་རུང་སྒར་ནང་རྒྱ་ནག་གཞུང་གིས་གྲྭ་བཙུན་རྣམས་ཀྱི་གྲྭ་ཤག་སོགས་ཧ་ཅང་མང་པོ་གང་བྱུང་གཏོར་བཤིག་གཏོང་བཞིན་པའི་གནས་སྟངས་ཐད་བོད་མིའི་སྒྲིག་འཛུགས་ལ་ཧ་ཅང་སེམས་འཚབ་ཡོད་སྟབས་ཁེ་ན་ཌ་གཙོ་བོར་གྱུར་བའི་སྲིད་གཞུང་ཁག་གིས་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཤུགས་ཆེ་ཞུས་པ་དང་སྦྲགས། ཁམས་བདེ་ཆེན་རྫོང་དུ་རྒྱ་ནག་གཞུང་གིས་གཏེར་ཁ་གང་བྱུང་སྔོག་འདོན་བྱས་པར་ས་གནས་བོད་མི་རྣམས་ཀྱིས་ཞི་རྒོལ་རྔམ་སྟོན་བྱས་ཡོད་སྐོར་གསལ་བཤད་གནང་འདུག
ཕྱོགས་འགལ་ཆབ་སྲིད་ཚོགས་པའི་དབུ་ཁྲིད་ལྕམ་སྐུ་རོ་ན་ཨམྦྷ་རོ་སི་ Ms Rona Ambrose མཆོག་དང་མཇལ་འཕྲད་སྐབས་ལྕམ་སྐུ་མཆོག་གིས་༸གོང་ས་མཆོག་ལ་གུས་བཀུར་ཆེ་བསྟོད་ཤུགས་ཆེ་ཞུ་མཁན་ཞིག་ཡིན་སྐོར་གསུང་པ་མ་ཟད། བོད་མི་དང་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་སྐོར་གསུངས།
དེ་ཉིན་ཕྱེད་ཡོལ་དུ་ཁེ་ན་ཌའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ཀྱིས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་ཆེ་བསྟོད་ཀྱི་གསོལ་ཚིགས་འདེགས་འདུལ་ཞུས་འདུག སྐབས་དེར་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་འདྲ་མིན་ནས་གྲོས་ཚོགས་འཐུས་མི་ ༢༥ ལྷག་ཕེབས་ནས་ཞལ་གཅིག་གྲགས་ཐོག་ནས་བོད་ཀྱི་ཁོར་ཡུག་དང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལ་རྒྱབ་སྐྱོར་ཡོད་སྐོར་གསུངས།
གཞན་ཡང་སྲིད་སྐྱོང་མཆོག་གིས་ཐེངས་འདིར་ཁེ་ན་ཌའི་གསར་འགྱུར་ཚན་པ་གྲགས་ཆེ་ཤོས་ Globe and Mail ཞེས་པའི་བཅར་འདྲིར་དང་ལེན་གནང་བ་མ་ཟད། བཅར་འདྲི་དེ་དག་ཕྱིས་ཉིན་གསར་ཤོག་ནང་སྤེལ་འདུག ཕྱོགས་མཚུངས་རུ་ཊར་གསར་ལས་ཁང་ Reuters གིས་སྲིད་སྐྱོང་མཆོག་གིས་སྤེལ་བའི་དཔྱད་རྩོམ་ཞིག་འགྲེམས་སྤེལ་གནང་འདུག །