༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༡༩ ཉིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་༢༠༡༦ ཟླ་ ༩ ཚེས་ ༡༢ ཉིན། སྔར་ལོ་འཇུ་བཟུང་བྱས་ཤིང་བླ་བྲང་བཀྲ་ཤིས་འཁྱིལ་ནས་ཡིན་པའི་གྲྭ་བ་གཉིས་ལ་ལོ་གཅིག་དང་ཕྱེད་ཀའི་ཁྲིམས་ཐག་བཅད་འདུག འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་ཁུངས་ལྡན་འབྱོར་གསལ་ལྟར་ན། ཉེ་ལམ་བསང་ཆུ་རྫོང་མི་དམངས་ཁྲིམས་ཁང་གིས་དགེ་འདུན་པ་སྦྱིན་པ་རྒྱ་མཚོ་དང་སྐལ་བཟང་སྨོན་ལམ་ཁོང་གཉིས་ལ། ལོ་གཅིག་དང་ཕྱེད་ཀའི་ཁྲིམས་ཐག་བཅད་འདུག
རྒྱ་གཞུང་གིས་དགེ་འདུན་པ་ཁོང་གཉིིས་ནི་ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༤ ་ནང་སངས་རྒྱས་མཚོ་ཡིས་རང་ལུས་མེར་བསྲེགས་དང་འབྲེལ་ནས་འཇུ་བཟུང་བཀག་ཉར་དང་། གནས་ཚུལ་ཕྱི་ལ་བསྐྱལ་བའི་ནག་ཉེས་བཙུགས་ནས་བཙོན་འཇུག་བྱས་པ་ཞིག་ཆགས་ཡོད། ཕྱི་ལོ་༢༠༡༥ཟླ་༥ཚེས་༢༧ཉིན་རང་ལུས་མེར་བསྲེགས་གནང་བའི་ སངས་རྒྱས་མཚོ་ནི་ (སངས་རྒྱས་མཚོ་ཡིས་རང་ལུས་མེར་བསྲེགས།) ཕྲུ་གུ་གཉིས་ཀྱི་ཨ་མ་ཡིན་པ། ཁོང་གིས་རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱིས་མི་སེར་སྤེལ་བའི་ས་ཁོངས་ལྟར་བྱས་ན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་མདོ་ཁོག་ཞང་ཁོངས། ཆབ་བུ་གཤིས་སམ་ཆོས་དཔལ་ཞིང་བཀྲ་ཤིས་ཆོས་འཁོར་གླིང་དགོན་པའི་ཉེ་འདབས་སུ་བཅའ་སྡོད་ཉེན་རྟོག་ལས་ཁུངས་ཀྱི་སྒོ་ཁ་ནས། རང་ལུས་མེར་བསྲེགས་ཀྱིས་ཞི་བའི་ངོ་རྒོལ་གནང་སྟེ་འདས་གྲོངས་ཕྱིན་ཡོད།
འདི་ག་ལྟེ་གནས་ཁང་གི་གནས་ཚུལ་ལྟར་ན། སངས་རྒྱས་མཚོས་རང་ལུས་མེར་བསྲེགས་གནང་བར་འབྲེལ་བ་ཡོད་པའི་ཁག་དཀྲི་ཐོག བོད་མི་ལྔ་གང་བྱུང་འཇུ་བཟུང་བྱས་ཁྲོད། སངས་རྒྱས་མཚོའི་བཟའ་ཟླ་རྟ་མགྲིན་དབང་རྒྱལ་དང་། ཉིན་པ་ཡུལ་མཚོའི་བཀྲ་ཤིས་ཆོས་གླིང་གི་དགེ་འདུན་པ་བཞི་རེད་འདུག དགེ་འདུན་པ་བཞི་བོ་ནི། ཕྱི་ལོ་༢༠༡༥ཟླ་༥ཚེས་༢༨ཉིན་འཇུ་བཟུང་བཀག་ཉར་བྱས་པའི་བསྟན་འཛིན་བཟོད་པ་དང་ཁོང་ནི་སངས་རྒྱས་མཚོའི་ཚ་བོ་རེད་འདུག ཕྱི་ཟླ་ ༦ ཚེས་ ༤ཉིན་འཇུ་བཟུང་བྱས་པའི་བསམ་གཏན་རྒྱ་མཚོ། ཕྱི་ཟླ་༦ཚེས་༥ཉིན་འཇུ་བཟུང་བྱས་པའི་དགེ་འདུན་པ་བློ་བཟང་བསྟན་འཛིན། ཕྱི་ཟླ་༦ཚེས་༡༠ཉིན་རྟ་མགྲིན་དབང་རྒྱལ་དང་ལྷན་དུ་འཛིན་བཟུང་བྱས་པའི་འཕྲིན་ལས་རྒྱ་མཚོ་བཅས་རེད།
དགེ་འདུན་པ་སྦྱིན་པ་རྒྱ་མཚོ་ནི་བསང་ཆུ་རྫོང་འབོ་ར་ཞང་ནས་ཡིན་ཞིང་། ད་ལྟ་དགུང་ལོ་༣༩་ཡས་མས་སུ་རེད་འདུག ཆུང་དུས་འབོ་ར་ནས་གྲྭ་བ་བྱས་ཤིང་། རྗེས་སུ་བླ་བྲང་གི་ནང་བསྟན་ལྔ་རིག་སློབ་གླིང་ནས་སློབ་གཉེར་གནང་དང་། ཕྱི་ལོ་༡༩༩༨ལོར་སློབ་མཐར་ཕྱིན་རྗེས་བླ་བྲང་གི་མཚན་ཉིད་དགྲྭ་ཚང་ལ་འཛུལ་ཞུགས་གནང་འདུག དགེ་འདུན་པ་སྦྱིན་པ་རྒྱ་མཚོ་འཇུ་བཟུང་གི་སྐབས་དེར། ཁོང་གི་རོགས་པ་དགེ་འདུན་པ་འཇམ་དབྱངས་རྒྱ་མཚོ་དང་སྐལ་བཟང་རྒྱ་མཚོ་ཞེས་པ་གཉིས་བཅས། ཁོང་ཚོ་གསུམ་འབོ་རའི་ཁྲོམ་གཞུང་ལ་འགྲོ་བཞིན་པའི་སྐབས་ལ་ཉེན་རྟོག་པས་གློ་བུར་འཇུ་བཟུང་བཀག་ཉར་བྱས་ཤིང་། འཇམ་དབྱངས་རྒྱ་མཚོ་དང་སྐལ་བཟང་རྒྱ་མཚོ་གཉིས་ཉིན་གཉིས་རིང་བཀག་ཉར་འདྲི་བརྩད་བྱས་རྗེས་གློད་འདུག
དགེ་འདུན་པ་སྐལ་བཟང་སྨོན་ལམ་ནི་ཅོ་ནེ་ཆུབ་བུ་གཤིས་ཞང་ནས་ཡིན་ཞིང་། ཁོང་གི་ཕའི་མིང་ལ་སྐལ་བཟང་སྐྱབས་དང་མའི་མིང་ལ་རྟ་བདུན་མཚོ་རེད་འདུག ཕྱི་ལོ་ ༡༩༩༧ ལོར་བླ་བྲང་དགོན་པར་འཛུལ་ཞུགས་གྱི་སློབ་གཉེར་གནང་འདུག རྒྱ་ནག་དམར་གཞུང་གིས་བོད་ཁུལ་གྱི་རང་ལུས་མེར་བསྲེགས་དང་འབྲེལ་བར་བསྙད་ནས་དོགས་ཡོད་མི་སྣ་ཞེས་བོད་མིའི་སྟེང་ཤུགས་ཆེར་དྲག་གནོན་དང་གང་བྱུང་འཇུ་བཟུང་བྱེད་མུས་སུ་ཡོད། དེ་བས་འདི་ག་ལྟེ་གནས་ཁང་གིས། གོང་གི་དགེ་འདུན་པ་གཉིས། གང་བྱུང་འཇུ་བཟང་དང་། ཁྲིམས་འགལ་བཀག་ཉར། གསང་བའི་སྒོ་ནས་ཚོགས་ར་ཚོགས་པའི་བྱེད་བབ་འདི་ནི་རྒྱ་གཞུང་གིས་དུས་རྒྱུན་རང་ལུས་མེར་བསྲེགས་དང་འབྲེལ་བའི་ཁག་དཀྲི་བྱེད་སྟངས་ཤིག་ལས། དེར་ ཁུངས་འཕེར་གྱི་བདེན་དཔང་གང་ཡང་མེད་པས་ངོ་རྒོལ་ཡོད། །