༢༠༡༦ ཟླ་ ༡༠ ཚེས་ ༡༤ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༡༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་ཏི་ཝི་ཡའི་ཁུལ་གྱི་མཛད་འཕྲིན་ཁག་ཡོངས་སུ་ལེགས་གྲུབ་རྗེས་དེ་ཉིན་སུད་སི་གྲོང་ཁྱེར་བྷན་ Bern ནང་༸ཞབས་སོར་བདེ་བར་འཁོད་སྐབས། བོད་མི་དང་སོག་པོས་གཙོས་དད་ལྡན་སེར་སྐྱ་མང་ཚོགས་རྣམས་ཀྱིས་ལག་ཏུ་དཀར་གཙང་མཇལ་དར་སོགས་ཐོགས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས།
དེ་ནས་མགོན་པོ་གང་ཉིད་མཆོག་ཁུལ་དེའི་ཆོས་ལུགས་མཐུན་སྒྲིལ་གྱི་ཚོགས་ཁང་ House of Religions ཞེས་པ་དེར་ཆིབས་སྒྱུར་བསྐྱངས་སྐབས་ཆོས་ལུགས་མཐུན་སྒྲིལ་ཚོགས་ཁང་གི་ཚོགས་གཙོ་ལྕམ་སྐུ་གེར་ད་ཧོག་ Mrs Gerda Hauck མཆོག་གིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས།
དེ་རྗེས་མགོན་པོ་གང་ཉིད་མཆོག་དང་སྐུ་མགྲོན་གཞན་བཅས་ཁྱོན་མི་གྲངས་ ༦༠ ཡོད་པ་རྣམས་ཀྱིས་ཉིན་གུང་ལྗགས་སྨིན་ལྷན་བཞེས་མཛད། སྐབས་དེར་ཚོགས་གཙོ་མཆོག་གིས་༸གོང་ས་མཆོག་ཁུལ་དེར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་པར་དགའ་བསུའི་འཚམས་འདྲི་དང་སྦྲགས། ཐུགས་རྗེ་ཆེ་ཞུས་ཏེ་གསུང་དོན། ༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་དཀའ་ངལ་རྣམས་འཚེ་མེད་ཞི་བའི་ལམ་ནས་སེལ་གནང་མཛད་མཁན་གྱི་མིག་དཔེ་བཟང་པོ་ཞིག་ཡིན། དེར་བརྟེན་སྐུ་ཉིད་མཆོག་དེ་རིང་འདིར་ཆིབས་སྒྱུར་བསྐྱངས་པར་ངས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས།
དེ་རྗེས་བྷན་གྲོང་སྡེའི་སྤྱི་ཁྱབ་པ་ཨེ་ལེག་ཛེན་ཌར་ The Mayor of Bern, Alexander Tschappat མཆོག་གིས་གསུང་དོན། དེ་སྔ་ཕྱི་ལོ་ ༢༠༠༨ ལོར་༸གོང་ས་ཏཱ་ལའི་བླ་མ་མཆོག་ས་གནས་འདིར་ཆིབས་སྒྱུར་བསྐྱངས་འཆར་ཡོད་ཀྱང་རྗེས་སུ་ཕྱིར་བསྡུ་མཛད་ཡོད། དེའི་བར་དེར་ས་གནས་འདིར་ཆོས་ལུགས་མཐུན་སྒྲིལ་གྱི་ཚོགས་ཁང་ངོ་མཚར་ཅན་འདི་ལྟ་བུ་ཞིག་འཛུགས་སྐྲུན་ཐུབ་པ་བྱུང་ཡོད། དེར་བརྟེན་དེ་རིང་ང་ཚོས་དེ་རིང་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཚོགས་ཁང་འདི་ལྟ་བུ་ཞིག་སྤྱན་བསྟར་ཞུ་ཐུབ་པར་དགའ་ཚོར་ཧ་ཅང་ཡོང་བཞིན་འདུག ཅེས་གསུངས།
ཉིན་གུང་ལྗགས་སྨིན་གྲུབ་རྗེས་ཚོགས་ཁང་དེའི་ནང་ཆོས་ལུགས་བརྒྱད་ཀྱི་མཆོད་ཁང་ལ་གནས་གཟིགས་མཛད་སྐབས་ཐོག་མར་ཧིན་དུའི་མཆོད་ཁང་དང་དེ་རྗེས་ཁ་ཆེ། ནང་པ། ཡེ་ཤུ་སོགས་ཀྱི་ལྷ་ཁང་ནང་གནས་གཟིགས་མཛད། གནས་གཟིགས་ཁག་ཡོངས་སུ་ལེགས་གྲུབ་རྗེས་༸གོང་ས་མཆོག་དབུ་བཞུགས་ཐོག་ཆོས་ལུགས་མཐུན་སྒྲིལ་སྐོར་བགྲོ་གླེང་མཛད། སྐབས་དེར་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ངོས་རང་འདིར་བཅར་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ངོས་རང་ནང་པའི་དགེ་སློང་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་ཕན་ཚུན་དབར་མཐུན་སྒྲིལ་གོང་འཕེལ་གཏོང་རྒྱུར་ཆོད་སེམས་བརྟན་པོ་ཡོད།
འདིར་ཆ་མཚོན་ནའང་ཁྱེད་རྣམ་པས་ངོ་ཐོག་ལག་ལེན་གྱི་ཐོག་ནས་ཆོས་ལུགས་ཕན་ཚུན་གྱི་གནས་ལུགས་གཏིང་ཟབ་ཙམ་རྟོགས་ཐབས་ཀྱིས་ཕན་ཚུན་གུས་བརྩི་ཤུགས་ཆེ་རུ་གཏོང་ཐབས་ཆེད་འབད་བརྩོན་གནང་བཞིན་འདུག ངོ་མཚར་ཧ་ཅང་ཆེ། ཆོས་ལུགས་ཚང་མས་བྱམས་བརྩེ་དང་འཆམ་མཐུན། བཟོད་སྲན། ཆོག་ཤེས། བག་ཡོད་བསྟེན་ཚུལ་སོགས་ཀྱི་བསླབ་བྱ་གཅིག་མཚུངས་སུ་ཡོད། ཆོས་ལུགས་ཕན་ཚུན་ལྟ་གྲུབ་མི་འདྲ་བ་ཡོད་སྲིད། ཁག་གཅིག་གིས་འཇིག་རྟེན་བཀོད་པ་འདོད་པ་དང་། ཁག་གཅིག་གིས་དེ་མི་འདོད་པར་རྣམ་སྨིན་གྱི་འབྲས་བུ་བཟང་ངན་ཇི་འདྲ་སྨིན་ཡང་བྱེད་པོ་གཙོ་བོ་གང་ཟག་རང་ཉིད་ཡིན་པར་ཡེད་ཆེས་བྱེད་མཁན་ཡོད། དེ་ནང་ཚན་ནས་ནང་པ་ཁོ་ནས་རྟག་གཅིག་རང་དབང་ཅན་གྱི་བདག་མི་འདོད།
དེང་སྤྱི་ཚོགས་ནང་ཆོས་ལུགས་དང་འབྲེལ་བའི་ལམ་སྲོལ་རྙིང་པ་ཁག་གཅིག་དུས་ཚོད་ཡོལ་ཟིན་སྟབས་ཕན་ཐོགས་མེད། དེ་ཚོའི་གྲས་ང་ཚོས་འགྱུར་བཅོས་གཏོང་ཐབས་བྱ་རྒྱུ་གལ་ཆེན་པོ་རེད། དཔེར་ན། རྒྱ་གར་ནང་རིགས་རུས་མཐོ་དམན་དབྱེ་འབྱེད་བྱ་རྒྱུའི་ལམ་སྲོལ་ལྟ་བུ་དེ་མང་གཙོའི་རིང་ལུགས་ཐོག་ཤར་བསྐྱོད་བྱེད་མཁན་རྒྱ་གར་ལ་མཚོན་ན་རན་པོ་རྩ་བ་ནས་མེད། དེར་བརྟེན་ངོས་ཀྱིས་ཧིན་དུའི་ཆོས་གྲོགས་ཚོར་དེའི་ཐོག་དགོངས་པ་བཞེས་དགོས་ཀྱི་འདུག ཅེས་བརྗོད་བཞིན་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ།
སྤྱིར་ཆོས་ལུགས་མཐུན་སྒྲིལ་གྱི་ཚོགས་ཁང་དེ་ནི་ཕྱི་ལོ་ ༢༠༡༤ ལོར་ཆོས་ལུགས་བརྒྱད་མཉམ་རུབ་ཐོག་ནས་བརྒྱབ་པ་ཞིག་ཡིན་འདུག །