༢༠༡༦ ཟླ་ ༡༠ ཚེས་ ༣༡ རེས་གཟའ་ཟླ་བ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༣༠ ཉིན་ཨིན་ཡུལ་བོད་རིགས་རྣམས་ལ་གསུང་གཤད་གནང་དོན། དེ་རིང་འདི་གར་ཁྱེད་སློབ་ཕྲུག་རྣམས་ཀྱིས་བོད་ཀྱི་གཞས་སྣ་ཁག་གཅིག་འཁྲབ་སྟོན་ཡག་པོ་གནང་བར་ཧ་ཅང་དགའ་པོ་བྱུང་། དེའི་ཐོག་ནས་བོད་ཀྱི་རིག་གཞུང་རྒྱུན་འཛིན་མུ་མཐུད་ནས་འགྲོ་བཞིན་ཡོད་སྟབས་བློ་སྤོབས་སྐྱེ་དགོས་པ་ཞིག་མཐོང་བྱུང་། ཕྲུ་གུའི་ཕ་མ་ཚོ་ཡིན་ནའང་ལས་སླ་པོ་དེ་ཙམ་མེད། དཀའ་ངལ་འཕྲད་བཞིན་དུ་དེར་མ་འཛེམས་པར་རེས་གཟའ་ཉི་མའི་ཉིན་མུ་མཐུད་བོད་ཀྱི་རིག་གཞུང་དང་སྐད་ཡིག་གཅེས་འཛིན་ཡོང་སླད་འབད་བརྩོན་གང་ཡོད་གནང་བཞིན་ཡོད། ང་རང་ཕ་མ་ཞིག་ཡིན་སྟབས་བསམ་ཤེས་ཐུབ་ཀྱི་འདུག
འོན་ཀྱང་ང་ཚོའི་གནས་སྟངས་བྱེ་བྲག་པ་ཞིག་གི་འོག་ནས་རང་གི་ཕྲུ་གུར་བོད་ཡིག་སློབ་རྒྱུ་ཧ་ཅང་གལ་གནད་ཆེན་པོ་ཞིག་ཆགས་ཡོད། ཉེ་ལམ་བཀའ་ཤག་སྐབས་ ༡༥ ༸གོང་ས་མཆོག་མཇལ་ཁ་ཞུ་སྐབས་ང་ཚོའི་བོད་ཀྱི་སྐད་ཡིག་འདི་ཧ་ཅང་རྩ་ཆེན་པོ་ཡིན་པ་དང་། དེང་སྐབས་འཛམ་གླིང་ནང་ངོམས་སུ་ཆོག་པའི་དཔལ་ན་ལེནྡྲ་ནས་བརྒྱུད་པའི་ནང་པ་སངས་རྒྱས་པའི་ལྟ་གྲུབ་རླིངས་པོ་དེ་དག་གྲ་མ་ཉམས་གྲུ་མ་ཞིག་པར་བོད་སྐད་ནང་དུ་མདོ་སྔགས་ཡོངས་སུ་རྫོགས་པར་སློབ་གཉེར་བྱེད་ཆོག་ཡོད་སྟབས།
བོད་རིགས་སྤྱི་དང་ལྷག་པར་བོད་མི་ན་གཞོན་རྣམས་ལ་བཀའ་ཤག་ངོས་ནས་ནང་ཆོས་ངོ་སྤྲོད་བྱེད་དགོས་པ་དང་། དེ་འདྲ་བྱུང་བ་ཡིན་ན་བྱམས་བརྩེ་ལྡན་པའི་མི་ཞིག་ཆགས་ཐུབ་རྒྱུ་མ་ཟད། བོད་ཡིག་དང་བོད་སྐད་ཤེས་མཁན་བོད་མི་ཚད་ལྡན་ཞིག་ཀྱང་ཆགས་ཐུབ་རྒྱུ་ཡིན་སྟབས་བཀའ་ཤག་ནས་དེའི་ཐོག་དཀའ་ལས་རྒྱག་དགོས་པའི་ལམ་སྟོན་བཀའ་སློབ་སྩལ་བྱུང་།
དེར་བརྟེན་འདི་ག་ཨིན་ཡུལ་གྱིས་གཙོས་བོད་རིགས་གནས་སྡོད་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ནང་དུ་རེས་གཟའ་ཉི་མའི་གཟའ་མཇུག་སློབ་གྲྭར་ཕྲུ་གུ་བཅུག་ནས་བོད་སྐད་དང་བོད་ཡིག་སློབ་ཁྲིད་གནང་རྒྱུ་ཤིན་ཏུ་གལ་ཆེན་པོ་ཞིག་ཡིན་པར་བཀའ་ཤག་གིས་ངོས་འཛིན་བྱེད་བཞིན་ཡོད།
ང་ཚོས་ཕྲུ་གུ་ཚོར་སྤོབས་པའི་ཐོག་ནས་བོད་སྐད་དང་བོད་ཡིག་སློབ་དགོས། རྒྱ་ནག་གཞུང་གིས་ཧམ་བཤད་ཐོག་ནས་བོད་ས་བཙན་འཛུལ་བྱས་པ་ལས་བདེན་པ་ང་ཚོར་མེད་པ་རྩ་བ་ནས་མིན། བདེན་པ་ང་ཚོའི་རྒྱབ་ཏུ་དུས་རྟག་ཏུ་གནས་ཡོད། གནའ་རབས་བོད་ཀྱི་ལོ་རྒྱུས་དང་ནང་ཆོས་སོགས་གང་ནས་བལྟས་ཀྱང་ང་ཚོ་ཡིད་ཞུམ་དགོས་པ་རྩ་བ་ནས་མེད། དཔེར་ན། དུས་རབས་ ༧།༨ སྐབས་བོད་ནས་ལོ་ཅཱ་བ་རྣམས་རྒྱ་གར་དུ་ཕེབས་སྐབས་སྐུ་ངལ་ཇི་ཙམ་འཕྲད་ཡོད་པ་དེར་ང་ཚོས་བསམ་ཤེས་ཐུབ་རྒྱུ་རེད། དེའི་ཚེ་དེའི་དུས་ཀྱི་ཆོས་རྒྱལ་ཚོས་བོད་རིགས་བློ་རྣོ་བ་དྲག་འདེམས་ཀྱིས་བལ་ཡུལ་དང་རྒྱ་གར་བཅས་ཀྱི་ནང་དུ་སྐད་རིག་དང་ནང་ཆོས་སློབ་སྦྱོང་ཆེད་བཏང་སྟེ་ལྷན་དུ་ཆོས་ཡོན་གྱི་ཚུལ་དུ་གསེར་དངུལ་སོགས་མཛངས་ཡོད། བསམ་བློ་གཏོང་དང་། སྐབས་དེར་ལོ་ཅཱ་བ་དེ་ཁོངས་ནས་ལ་ལ་ཚ་གདུག་ཆེ་བས་འཆི། ལ་ལ་གཅན་གཟན་དང་རྐུན་ཇག་གིས་བསད་པ་སོགས་དཀའ་སྡུག་ཧ་ཅང་མྱངས་ཡོད།
དེར་བརྟེན་བོད་ཕྲུག་བཅུ་བཏང་བའི་ཁོངས་ནས་སློབ་སྦྱོང་མཐར་ཕྱིན་པ་གཉིས་ཙམ་ལས་ཡོང་མ་ཐུབ། དེ་ལྟ་བུ་ངལ་བ་དུ་མ་ཁྱད་དུ་གསད་ནས་ནང་པ་སངས་རྒྱས་པའི་བསྟན་པ་འདི་བོད་ཡིག་ནང་མི་རབས་ནས་མི་རབས་མར་རྒྱུན་འཛིན་བྱས་ནས་ད་ལྟ་ང་ཚོས་གཅེས་འཛིན་བྱེད་བཞིན་ཡོད། དེ་ལྟ་བུ་མདོ་སྔགས་ཟུང་འབྲེལ་ཐོག་ནས་ནང་ཆོས་ཆ་ཚང་འགྲེལ་བཤད་རྒྱག་ཐུབ་མཁན་དེང་སྐབས་ཧ་ལམ་བོད་སྐད་ཁོ་ན་ཡིན། རྒྱ་ནག་དང་ཉི་འོང་། དེ་བཞིན་ཀོ་རི་ཡ་ལྟ་ཅི། རྒྱ་གར་ལེགས་སྦྱར་དང་པཱ་ལིའི་ཐོག་ནང་ཆོས་གཞུང་འགའ་ཤས་ལས་ཆ་ལག་ཚང་བ་ཞིག་མེད། ལྷག་པར་དེང་སྐབས་སྐད་ཡིག་དེ་གཉིས་དུས་ཚོད་ཡོལ་ཟིན་པའི་སྐད་ཡིག་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་སྟབས། ཤེས་མཁན་ཡང་ཧ་ཅང་དཀོན།
འདིར་དགེ་ལས་ཚོས་ད་བར་དཀའ་ལས་བརྒྱབ་པ་དེར་བསྔགས་བརྗོད་ཞུ་རྒྱུ་མ་ཟད། ད་དུང་ཡང་མུ་མཐུད་ནས་དཀའ་ལས་རྒྱག་རོགས་གནང་ཞུ་རྒྱུ་དང་། ཕྱོགས་མཚུངས་སྤྱི་མཐུན་ཚོགས་པར་ལས་ཀ་བྱེད་རྒྱུ་ལས་སླ་པོ་ཞིག་མེད། དགོངས་པ་ཞུ་མཁན་མང་པོ་དང་ལས་ཀ་བྱེད་མཁན་ཉུང་ཉུང་རེད། བྷོ་སི་ཊོན་བོད་རིགས་ཚོགས་པ་ཡིན་ན་བང་རིམ་སྒྲིག་ནས་ནང་མི་ཚང་མ་རེ་མོས་ཐོག་ནས་ལས་ཀ་བྱེད་དགོས། དེ་མིན་ཨ་སྒོར་ ༥༠༠ ཆད་པ་གཅོད་བཞིན་ཡོད།
༸གོང་ས་མཆོག་གི་བཀའ་དགོངས་ལྟར་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་ལྷོ་ཕྱོགས་ཧུན་སུར་རྒྱུད་སྨད་གྲྭ་ཚང་དུ་ཟླ་བ་དྲུག་རིག་ཕྱི་རྒྱལ་གྱིས་གཙོས་བོད་རིགས་མཐོ་སློབ་སོགས་ནང་བསྐྱོད་བཞིན་པ་རྣམས་ལ་བོད་ཡིག་དང་ནང་ཆོས་སློབ་ཁྲིད་གནང་བཞིན་ཡོད། སློབ་ཕྲུག་གྲངས་ ༣༠ ས་མིག་ཡོད། ཕྱོགས་མཚུངས་སེར་འབྲས་དགའ་གསུམ་སོགས་ཀྱི་ནང་དུའང་བོད་ཀྱི་སྐད་ཡིག་སློབ་སྦྱོང་བྱ་རྒྱུའི་ཁོར་ཡུག་སྐྲུན་བཞིན་ཡོད། དེ་བཞིན་རྡ་ས་བོད་ཀྱི་དཔེ་མཛོད་ཁང་དང་ས་རྭ་མཐོ་སློབ་སོགས་ནང་དུའང་གོ་སྐབས་དེ་མཚུངས་སྐྲུན་བཞིན་ཡོད།
ཐེངས་འདིར་དུས་འཁོར་དབང་ཆེན་གོ་སྒྲིག་ཞུ་མཁན་བོད་མིའི་སྒྲིག་འཛུགས་ཡིན་སྟབས་དུས་རྒྱུན་དང་མི་འདྲ་བའི་གནས་སྟངས་ཤིག་ཡོད་པ་ནི་ཉམ་ཐག་ཚོར་རིན་མེད་ཐོག་དུས་འཁོར་དབང་ཞུ་རྒྱུའི་མཐུན་རྐྱེན་སྦྱོར་བཞིན་ཡོད། ཕྱོགས་མཚུངས་བོད་མི་མི་རབས་བགྲེས་པ་རྒས་གསོ་ཁང་ནང་དུས་དབང་ཞུ་རྒྱུའི་མཐུན་རྐྱེན་མེད་མཁན་ཡོད་དོ་ཅོག་བཀའ་ཤག་ངོས་ནས་རིན་མེད་མཐུན་འགྱུར་ཆ་ཚང་ཞུ་བཞིན་ཡོད། ཅེས་གསུངས་པ་མ་ཟད། སྐབས་དེར་སྲིད་སྐྱོང་མཆོག་གིས་ནང་སྲིད་ལས་ཁུངས་ཀྱི་ལས་འཆར་སྐོར་དང་འབྲེལ་ནས། ཨ་རིའི་གཞུང་གིས་བཙན་བྱོལ་བོད་མིའི་གཞིས་ཆགས་སྲ་བརྟན་ཆེད་རོགས་དངུལ་ཨ་སྒོར་ས་ཡ་ ༢༣ བཀའ་འཁྲོལ་ཐོན་པར་བརྟེན། ལོ་ལྔའི་ནང་དུ་བཀའ་ཤག་ངོས་ནས་གཞིས་ཆགས་ཚང་མའི་ནང་དུ་རྐང་རྩེད་སྤོ་ལོ་དང་ལག་རྩེད་སྤོ་ལོའི་རྩེད་ཐང་སོགས་རྒྱག་རྒྱུ་ཡིན་པ་མ་ཟད། དཔེ་མཛོད་ཁང་དང་ཟློས་གར། དེ་བཞིན་ལྷ་མོ་ཚོགས་པ་གསར་འཛུགས་བྱ་རྒྱུ་མ་ཟད། ཇ་ཁང་ Cafeteria གསར་འཛུགས་བྱ་རྒྱུ། དེ་བཞིན་སྤུན་སྲིང་གཞིས་ཆགས་རྒྱ་སྐྱེད་གཏོང་རྒྱུ་སོགས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་ལས་དོན་དང་འཆར་གཞི་སོགས་ངོ་སྤྲོད་གནང་།
ཕྱོགས་མཚུངས་སྲིད་སྐྱོང་མཆོག་གིས་བཀའ་ཤག་སྐབས་ ༡༥ པའི་ལྔ་དང་ལྔ་བཅུའི་སྲིད་བྱུས་འོག་སྐུ་ཚབ་དོན་ཁང་གི་གནས་སྟངས་སྲ་བརྟན་གཏོང་ཆེད་ད་ཆ་ཨོ་སི་ཊོ་ལི་ཡ་སྐུ་ཚབ་དོན་ཁང་ཉོས་ཟིན་པ་མ་ཟད། ཉི་འོང་གི་དོན་ཁང་དེ་ཡང་ཨ་སྒོར་ས་ཡ་གཅིག་ཙམ་སྤྲད་ནས་ཉོོས་ཟིན་པ་མ་ཟད། ཨ་རིའི་སྐུ་ཚབ་དོན་ཁང་དེ་ཡང་ཨ་སྒོར་ས་ཡ་གཉིས་དང་འབུམ་བདུན་སྤྲད་ནས་ཁང་པ་ཉོས་ཟིན་སྐོར་གསུངས།
ལྷན་ཁང་ཁག་གི་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་ལས་བསྡོམས་སྙིང་བསྡུས་ངོ་སྤྲོད་ལེགས་པར་ཟིན་རྗེས་བོད་མིའི་སྒྲིག་འཛུགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་སྐྱོང་ཞུ་བཞིན་པའི་སྐོར་གསུང་དོན། ༸གོང་ས་མཆོག་ཕྱི་ལོ་ ༢༠༡༤ དང་ ༢༠༡༦ ལོར་ཨ་རིའི་སྲིད་འཛིན་གྱི་ཕོ་བྲང་དཀར་པོའི་ནང་དུ་སྲིད་འཛིན་བྷ་རག་ཨོ་བྷ་མ་མཆོག་དང་མཇལ་འཕྲད་སྐབས། སྲིད་འཛིན་མཆོག་ནས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་དང་བསྔགས་བརྗོད་ཡོད་སྐོར་ཞུས་ཡོད། དེར་བརྟེན་ང་ཚོས་དེང་སྐབས་རྒྱལ་སྤྱི་དང་རྒྱ་གར་སོགས་ནང་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་གོ་རྟོགས་ལས་འགུལ་སྤེལ་བཞིན་ཡོད། འདི་ག་ཨིན་ཡུལ་ལ་མཚོན་ནའང་ཁྱེད་རྣམ་པས་ཨིན་ཡུལ་གྲོས་ཚོགས་འོག་མའི་ནང་ཞུ་གཏུག་ལས་འགུལ་སྤེལ་བ་བརྒྱུད་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཐོབ་ཐབས་གནང་དགོས།
ཨིན་ཡུལ་ལ་མཚོན་ན་དེ་སྔ་བོད་ལ་རྒྱལ་ཁབ་རང་བཙན་གྱི་བདག་དབང་ Sovereignty ཡོད་པར་ངོས་ལེན་བྱས་མེད་ཀྱང་། མིང་ཙམ་གྱི་བདག་དབང་ Suzerainty ཡོད་པར་ངོས་ལེན་གནང་མྱོང་ཡོད། འོན་ཀྱང་ད་ཆ་དེ་ཡང་ཕྱིར་བསྡུ་བྱས་ཡོད་སྟབས་ཁྱེད་རྣམས་ཀྱི་ལས་འགུལ་ཐོག་དཀའ་ལས་མང་ཙམ་བརྒྱབ་རོགས།
དོལ་རྒྱལ་དང་འབྲེལ་ནས་ཨིན་ཡུལ་འདིར་ཆོས་ཚོགས་འགའ་ཤས་ཡོད། ཉེ་ལམ་རྙོག་གྲ་ཧ་ཅང་བྱུང་ཡོད། གཙོ་ཆེ་ཤོས་ང་ཚོས་ངོས་འཛིན་བྱེད་བཞིན་པ་ནི་རྒྱ་ནག་གཞུང་གིས་ཆབ་སྲིད་ཐོག་བེད་སྤྱོད་བཏང་ནས་འགྲོ་བཞིན་ཡོད། གནད་དོན་དེ་དང་འབྲེལ་ནས་ཨིན་ཇིའི་རུ་ཊར་གསར་ལས་ཁང་ Reuters ནས་གནས་ཚུལ་གཉིས་འདོན་སྤེལ་གནང་བར་བརྟེན།
གཙོ་ཆེ་༸གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་ཕྱི་རྒྱལ་མི་སྣ་དོལ་རྒྱལ་རྗེས་འབྲང་པའི་ཁྲོད་ངོ་རྒོལ་བྱེད་མཁན་ཉུང་དུ་ཕྱིན་ཡོད། ད་ཆ་བོད་རིགས་འགའ་ཤས་ཀྱིས་ཧམ་བཤད་ཁོ་ན་བྱས་ནས་ཆོས་དད་རང་དབང་མེད་ཚུལ་དང་། ༸གོང་ས་མཆོག་ནས་བོད་མིའི་ཆོས་དད་ལ་དམ་བསྒྲགས་མཛད་བཞིན་ཡོད་སྐོར་སོགས་གཞི་མེད་མཚན་དམས་དང་སྒྲོ་སྐུར་སྣ་ཚོགས་བྱས་དང་བྱེད་མུས་ཡིན། འོན་ཀྱང་དེར་ལམ་ལྷོང་འགྲོ་གཞི་རྩ་བ་ནས་མེད། གང་ཡིན་བརྗོད་ན་བདེན་པའི་ཆ་ཕྲ་མོ་ཙམ་ཡང་མེད་སྟབས་རང་བཞིན་གྱིས་ལས་འགུལ་དེ་དག་ནུས་མེད་དུ་འགྲོ་ངེས།
གཙོ་ཆེ་ཤོས་བོད་མིའི་སྒྲིག་འཛུགས་འདི་འཛམ་གླིང་ཕྱི་ལ་ངོམས་སུ་ཆོག་པ་ཞིག་ཡོད། ང་ཚོས་མང་གཙོ་ཡིན། ཞེས་བརྗོད་བཞིན་པ་ལྟར་དངོས་གནས་རང་མང་གཙོའི་ལམ་ལུགས་ཡང་དག་པ་ཞིག་ཆགས་ཡོད། མང་ཚོགས་ཁྲོད་འོས་བསྡུའི་སྐབས་འགན་ཁུར་ཆ་ཤས་ལེན་མཁན་མང་དུ་ཕྱིན་ཡོད།
ཕྱི་ལོ་ ༢༠༠༡ ལོར་བཀའ་བློན་ཁྲི་པའི་འོས་བསྡུའི་ནང་ཆ་ཤས་ལེན་མཁན་མི་གྲངས་ ༣༥༠༠༠ བྱུང་། ཕྱི་ལོ་ ༢༠༠༦ ལོར་བཀའ་བློན་ཁྲི་པའི་འོས་བསྡུའི་སྐབས་ཆ་ཤས་ལེན་མཁན་མི་གྲངས་ ༣༢༠༠༠ བྱུང་བར་བརྟེན་ཕྲན་བུ་ཆག་ཡོད། ཕྱི་ལོ་ ༢༠༡༡ ལོར་བཀའ་བློན་ཁྲི་པའི་འོས་བསྡུའི་སྐབས་ཆ་ཤས་ལེན་མཁན་ ༤༩༠༠༠ བྱུང་བ་དང་། ཕྱི་ལོ་ ༢༠༡༦ ལོར་སྲིད་སྐྱོང་འོས་བསྡུའི་སྐབས་འོས་ཤོག་འཕེན་མཁན་གྲངས་ ༥༧༠༠༠ བྱུང་ཡོད། དེར་བརྟེན་འདས་པའི་ལོ་ངོ་ ༡༥ ཙམ་རིང་ཆབ་སྲིད་ལ་དོ་སྣང་ཇེ་ཆེར་སོང་ནས་འོས་ཤོག་འཕེན་མཁན་གྲངས་ལྡབ་གཉིས་ཙམ་འཕར་ཡོད། འདིས་དང་བླངས་དཔྱ་ཁྲལ་འབུལ་མཁན་ཡང་མང་དུ་ཕྱིན་པ་མཚོན་བཞིན་ཡོད། ཧ་ཅང་ཡག་པོ་རེད། འདི་ག་ཨིན་ཡུལ་ལ་མཚོན་ནའང་དེ་སྔ་དཔྱ་ཁྲལ་འབུལ་མཁན་བོད་མི་གྲངས་ ༡༠༠ ཡང་ལོང་གི་མེད་ཀྱང་ད་ཆ་དཔྱ་ཁྲལ་འབུལ་མཁན་ ༢༠༠ ལྷག་ཡོད་སྐོར་བརྗོད་བྱུང་། སྤྱིར་ཨིན་ཡུལ་དུ་བོད་མི་ཁྱོན་གྲངས་ ༩༠༠ ཙམ་ཡོད་ཚུལ་གསུངས་བྱུང་། ཏོག་ཙམ་དགོངས་པ་བཞེས་ནས་དཔྱ་ཁྲལ་འབུལ་ཐུབ་ཚེ་དགེ་ཚན་ཆེན་པོ་ཡོད། ཨ་རི་དང་ཡུ་རོབ་ཁུལ་དུ་དཔྱ་ཁྲལ་འབུལ་མཁན་མང་དུ་ཕྱིན་པ་ཙམ་མ་ཟད། ཆབ་སྲིད་ཐོག་དོ་སྣང་གནང་མཁན་ཡང་མང་དུ་ཕྱིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་དྲི་བ་རྣམས་ལ་ལན་འདེབས་གནང་། །