༢༠༡༦ ཟླ་ ༡༠ ཚེས་ ༢༡ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༩ ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཊོམ་ལེན་ཊོ་སི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་ཆུང་ Tom Lantos Human Rights Commission གི་འགན་འཛིན་གཞོན་པ་སྐུ་ཞབས་ཇེམ་སི་མེཀ་གོ་ཝན་ James P McGovern མཆོག་དང་སྐུ་ཞབས་ཇོ་སེབ་པིཊ་ Joseph R Pitts མཆོག་རྣམ་གཉིས་ཀྱིས་ཨ་རིར་ཡོད་པའི་རྒྱ་ནག་གཞུང་ཚབ་པ་ཅའོ་ཏིང་ཀེ་ Cui Tiankai ཟེར་བར་ཞུ་ཡིག་བཏང་བའི་ནང་། རྒྱ་ནག་གཞུང་གིས་བོད་མི་གྲྭ་བཙུན་ཁག་ཅིག་གསེར་རྟ་བླ་རུང་སྒར་ནས་ཕྱིར་འབུད་བཏང་སྟེ་ཁོང་ཚོའི་སྡོད་ཁང་གཏོར་བཤིག་གཏོང་བཞིན་པ་དེར་ཨ་རི་གཞུང་ལ་སེམས་འཚབ་ཧ་ཅང་འདུག
རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་གཏོར་བཤིག་གཏོང་བཞིན་པ་དེས་བོད་མིའི་ཆོས་དད་རང་དབང་ལ་རྩིས་མེད་རྡོག་རོལ་བཏང་བ་ཞིག་ཡིན་པས་དེར་མཐའ་གཅིག་ཏུ་སྐྱོན་བརྗོད་ཞུ་རྒྱུ་མ་ཟད། བྱ་སྤྱོད་དེ་དག་འཕྲལ་མར་མཚམས་འཇོག་གིས། གྲྭ་ཤག་གཏོར་བཤིག་ཟིན་པ་རྣམས་ཉམས་གསོ་བྱས་ཐོག རྒྱ་ནག་གཞུང་གིས་ཐེ་བྱུས་དང་ལམ་སྟོན་སོགས་གང་ཡང་མེད་པར་བོད་མི་ཚོར་མུ་མཐུད་ནང་ཆོས་ཐོག་སློབ་གཉེར་བྱ་རྒྱུའི་རང་དབང་སྤྲོད་དགོས།
རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ Universal Declaration of Human Rights དང་རྒྱ་ནག་གི་རྩ་ཁྲིམས་དོན་ཚན་ ༣༦ ལ་བརྩི་བཀུར་དང་ལེན་ཞུས་ནས་གཤམ་འཁོད་དོན་ཚན་ཁག་ལག་བསྟར་བྱེད་དགོས།
༡༽ བླ་རུང་སྒར་དུ་གྲྭ་ཤག་གཏོར་བཤིག་དང་གྲྭ་བཙུན་རྣམས་དགོན་པ་ནས་ཕྱིར་འབུད་བཏང་སྟེ། བོད་མིའི་ཆོས་དད་རང་དབང་ལ་བརྡལ་གཤིག་གཏོང་མཁན་གྱི་དཔོན་རིགས་ཚོར་ཞིབ་འཇུག་མཐིལ་ཕྱིན་བྱེད་དགོས།
༢༽ ནོར་འཁྲུལ་ཅན་གྱི་སྲིད་བྱུས་དེ་དག་ཕྱིར་བསྡུ་བྱ་རྒྱུའི་བཀོད་ཁྱབ་གཏོང་དགོས།
༣༽ ད་བར་གཏོར་སྐྱོན་བཏང་བ་རྣམས་ལ་གུན་གསབ་སྤྲོད་དགོས།
༤༽ མི་མང་རྣམས་ལ་ཞི་བའི་ལམ་ནས་ཆོས་ཉམས་ལེན་བྱེད་རྒྱུའི་ཐོབ་ཐང་སྤྲོད་དགོས། ཞེས་འཁོད་ཡོད།