༢༠༡༦ ཟླ་ ༡༠ ཚེས་ ༡༡ རེས་གཟའ་མིག་དམར།
༄༅། །བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྐུ་ཞབས་ཨེན་ཊོ་ནིའོ་གུ་ཆེ་རེ་སི་ Mr Antonio Guterres མཆོག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེར་ UN Secretary-General འོས་འདེམས་བྱུང་བར་དགའ་བསུའི་འཚམས་འདྲི་ཞུས་པའི་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་སྐུ་ཉིད་མཆོག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་དགུ་པར་འོས་འདེམས་བསྐོ་གཞག་གནང་བར་སྙིང་ཐག་པ་ནས་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན།
སྐུ་ཉིད་མཆོག་དེ་སྔ་པོར་ཅུ་གལ་ཡུལ་གྱི་སྲིད་འཛིན་གནང་སྐབས་ཙམ་མ་ཟད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ལས་ཁུངས་ཀྱི་ཆེས་མཐོའི་འགན་འཛིན་གནང་སྐབས་སུའང་དུས་རྟག་ཏུ་ཉམས་ཆུང་མགོན་མེད་རྣམས་ཀྱི་བདེ་སྡུག་ཆེད་ཡུན་རིང་ནས་ཆོད་སེམས་བརྟན་པོས་མགོན་སྐྱབས་གནང་བའི་མཛད་བཟང་དེ་ནི་འཛམ་གླིང་གི་དབུ་ཁྲིད་གཞན་ལ་མིག་དཔེ་འོས་པ་ཞིག་དང་། ཀུན་གྱིས་ཡི་རང་བསྔགས་བརྗོད་ཞུ་ཡུལ་ཞིག་ཏུ་གྱུར་ཡོད།
ད་ཆ་སྐུ་ཉིད་མཆོག་དངོས་སུ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེར་འོས་འདེམས་བྱུང་བར་བརྟེན་དེ་སྔ་ལས་ལྷག་མགོན་མེད་ཉམ་ཆུང་ཚོའི་བདེ་སྡུག་ལ་གཟིགས་རྟོག་གནང་ཐུབ་རྒྱུ་ཡིན་སྟབས། ང་ཚོས་སྐུ་ཉིད་མཆོག་མུ་མཐུད་མི་མང་ཉམ་ཆུང་དང་ཐོབ་ཐང་བྲལ་བ། དེ་བཞིན་གཞན་གྱི་བཙན་གནོན་འོག་དཀའ་སྡུག་མྱོང་བཞིན་པ་ཚོའི་བདེ་དོན་ཆེད་ཞབས་ཞུ་སྒྲུབ་ཐུབ་པའི་རེ་བ་ཞུ་བཞིན་ཡོད།
རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེའི་འགྲེལ་བཤད་ནང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཟེར་བ་ནི། འཛམ་གླིང་གི་མགྲིན་ཚབ་པ་ཞིག་ཡིན་པ་དང་། ལྷག་པར་དུ་མི་མང་ཉམ་ཐག་མགོན་སྐྱབས་བྲལ་བ་རྣམས་ཀྱི་མགྲིན་ཚབ་པ་ཞིག་ཡིན། ཞེས་གསལ་བ་ལྟར། ང་ཚོས་སྐུ་ཉིད་མཆོག་གིས་རྒྱ་ནག་གཞུང་གིས་དྲག་གནོན་ཚབས་ཆེ་འོག་དཀའ་སྡུག་མྱོང་བཞིན་པའི་གཞིས་ལུས་བོད་མི་ཚོའི་མགྲིན་ཚབ་པ་གནང་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གླེང་སྟེགས་ཐོག་བོད་དོན་གླེང་བ་བརྒྱུད་མགྱོགས་མྱུར་བོད་ཀྱི་དཀའ་ངལ་སེལ་ཐུབ་རྒྱུར་རེ་བ་ཞུས་པ་དང་སྦྲགས། འགྲོ་བ་མི་རིགས་ཡོངས་ལ་དུས་ཚོད་གཉན་འཕྲང་ཆེ་བའི་སྐབས་འདིར་སྐུ་ཉིད་མཆོག་གི་ལས་དོན་གང་ཅིར་བྱ་བ་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་འཁོད་འདུག །