༢༠༡༦ ཟླ་ ༡༠ ཚེས་ ༡༨ རེས་གཟའ་མིག་དམར།
༄༅། །འདི་གར་ཨ་རི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཨ་མེ་རི་ཀའི་ནང་གི་རྒྱ་ཡིག་དྲྭ་རྒྱ་ཆེ་ཤོས་གྲས་ Boxun ནང་། ཕྱི་ཟླ་ ༡༠ ཚེས་ ༡༧ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་གྲོས་ཚོགས་ནས་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་དེ་མི་ལོ་ ༩ འཁོར་བའི་དུས་ཚེས་དང་བསྟུན་ནས། 《༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་བསླབ་བྱ།》ཞེས་པའི་ལེ་ཚན་གསར་པ་ཞིག་གཏོད་རྒྱུར་ Boxun དྲྭ་རྒྱའི་འགན་འཛིན་ནས་མོས་མཐུན་གནང་བ་བཞིན་གོང་ཚེས་ཉིན་ནས་འགོ་འཛུགས་ཐུབ་པ་བྱུང་ཡོད།
《༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་བསླབ་བྱ།》ཞེས་པའི་ལེ་ཚན་གསར་པ་དེ་ནི་རྒྱ་རིགས་ཀྱི་སྤྱི་ཚོགས་ལ་དམིགས་པ་ཞིག་ཡིན་པ་དང་། ལེ་ཚན་དེའི་ནང་དོན་གཙོ་བོ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དང་། བཀའ་ཆོས། མཁས་དབང་གཞན་དང་མཉམ་དུ་བགྲོ་གླེང་མཛད་པའི་བརྙན་འཕྲིན་ཤ་སྟག་ཡིན། བརྙན་འཕྲིན་དེ་དག་ཨིན་ཡིག་ཡིན་ཡང་། བརྙན་དཔར་གྱི་གཤམ་དུ་རྒྱ་ཡིག་གི་འགྲེལ་བརྗོད་ཡོད།
ལེ་ཚན་གསར་པ་དེའི་ནང་། བདུན་ཕྲག་འཆར་ཅན་གྱི་རེས་གཟའ་ཟླ་བ་ཉིན་བརྙན་འཕྲིན་རེ་གསར་འཇུག་བྱེད་ཀྱི་ཡོད་ཅིང་། རྒྱའི་སྐད་ཡིག་ནང་ཡོད་པའི་བརྙན་འཕྲིན་གྱི་རྒྱུ་ཆ་རྣམས་ཨ་རི་སྐུ་ཚབ་དོན་གཅོད་ཁང་ནས་མཁོ་སྤྲོད་ཞུ་བཞིན་ཡོད། དེ་རིང་གི་ལེ་ཚན་ནང་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ལོ་ ༡༩༩༧ ལོར་ཐེ་ཝན་ཕུ་རན་སློབ་གྲྭ་ཆེན་མོར་(Taiwan Fu Jen Catholic University)བཀའ་ཆོས་དང་བགྲོ་གླེང་གནང་བའི་བརྙན་འཕྲིན་བཞག་ཡོད།།