༢༠༡༦ ཟླ་ ༡༠ ཚེས་ ༣༡ རེས་གཟའ་ཟླ་བ།
༄༅། །འདི་གར་བྱང་ཨ་རིའི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་གིས་ ༢༠༡༦ ཟླ་བ་ ༡༠ ཚེས་ ༡༣ ནས་ཚེས་ ༢༠ བར་ནིའུ་ཡོག་དང་ནིའུ་འཇར་སི་ཁུལ་དུ་གཞུང་དོན་ཕྱོགས་བསྐྱོད་གནང་སྟེ། སེར་སྐྱ་མང་ཚོགས་ལ་གསུང་བཤད་དང་། རིས་མེད་ཆོས་བརྒྱུད་ཁག་གི་ཚོས་ཚོགས་དང་། དགོན་སྡེ་གྲ་ཚང་ཁག་ལ་འཚམས་འདྲི་གཟིགས་སྐོར། རྒྱ་རིགས་སློབ་ཕྲུག་ཐུག་འཕྲད། བོད་པའི་ལོ་རྒྱུས་མི་སྣ་མཇལ་འཕྲད། བོད་རིགས་གཞོན་སྐྱེས་མཉམ་བགྲོ་གླེང་།
བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ལས་རིགས་ཁག་གི་རྒྱ་རིགས་བཅས་ཐུག་འཕྲད་གནང་ཡོད། སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་དྲུང་འཕར་ཀུན་དགའ་བཀྲིས་ལགས་དང་ལས་བྱེད་བསྟན་འཛིན་བདེ་ཆེན་ལགས་དྲུང་གཞོན་བསྟན་འཛིན་དབྱིག་གཉེན་ལགས་བཅས་ཕེབས་འདུག
དེ་ཡང་ཐོག་མར་སྐུ་ཚབ་དོན་གཅོད་ནས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་ Woodside ཁུལ་དུ་ཡོད་པའི་བོན་དགོན་བོན་གཤེན་གླིང་གི་སྐྱོང་སྤྲུལ་རིན་པོ་ཆེ་དང་། གྲོང་ཁྱེར་དེའི་ཟུར་ཞིག་ལ་ཆགས་པའི་དཔལ་ལྡན་ས་སྐྱ་ཆོས་ཚོགས་ཀྱི་བླ་མ་པདྨ་དབང་གྲགས། Woodside ཁུལ་དུ་ཡོད་པའི་སེར་བྱེས་ནང་པའི་རིག་གཞུང་བསྟི་གནས་ཁང་གི་སྤ་རི་རིན་པོ་ཆེ།
ཨ་རིའི་མངའ་སྡེ་ནིའུ་འཇར་སི་ཁུལ་དུ་ཡོད་པའི་སོག་པོའི་དགེ་བཤེས་དབང་རྒྱལ་གྱི་ཆོས་ཚོགས་བསླབ་གསུམ་བཤད་སྒྲུབ་གླིང་གི་འགན་འཛིན་ལྗོ་ཤི་ཝ་དང་། དགེ་བཤེས་ཡེ་ཤེས་ཐབས་མཁས་མཆོག ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་རྒྱ་གྲོང་ Flashing དུ་ཡོད་པའི་བཀའ་བརྒྱུད་ཆོས་ཚོགས་ཟླ་སྣང་ཐེབས་རྩ་ཁང་གི་འགན་འཛིན་གནས་སྣང་བླ་མ་ཚེ་དབང་།
གྲོང་ཁྱེར་ནིའུ་ཡོག་གི་ Brooklin དུ་ཡོད་པའི་དཔལ་རྒྱལ་བ་ཇོ་ནང་པ་ཕུན་ཚོགས་རྡོ་རྗེ་གླིང་གི་འབྲེལ་ཡོད་ལས་སྣེ། ནིའུ་ཡོག་གྲོང་ཁྱེར་གྱི་ Woodstock ཁུལ་དུ་ཡོད་པའི་བཀའ་བརྒྱུད་ཆོས་ཚོགས་ཀུན་བཟང་དཔལ་ཆེན་གླིང་སྦར་རྡོ་རིན་པོ་ཆེ་དང་། ཀརྨ་ཐེག་གསུམ་ཆོས་གླིང་གི་མཁན་པོ་ཀརྨ་བསྟན་སྐྱོང་།
དེ་བཞིན་ནིའུ་འཇར་སི་མངའ་སྡེའི་ནང་ཡོད་པའི་སོག་རིགས་ཁལ་མུག་གི་ཆོས་ཚོགས་བཀྲ་ཤིས་ལྷུན་པོ་དང་། བཀྲ་ཤིས་དགེ་འཕེལ་གླིང་། ཆོས་འཕེལ་གླིང་བཅས་ཀྱི་འགན་འཛིན་དང་དགེ་བཤེས་ལས་སྣེ་བཅས་ལ་སྐུ་ཚབ་དོན་གཅོད་གསར་པའི་ངོས་ནས་མཇལ་འཕྲད་འཚམས་འདྲི་གནང་བ་མ་ཟད།
ཆོས་ཚོགས་དེ་དག་གི་ཐོག་མཐའ་བར་གསུམ་གྱི་གནས་སྟངས་རྒྱུས་ལོན་གནང་བ་དང་སྦྲགས། དོན་ཁང་གི་ལས་དོན་སྤེལ་ཕྱོགས་སོགས་ངོ་སྤྲོད་དང་འབྲེལ། ཕན་ཚུན་འབྲེལ་ལམ་ཤུགས་ཆེ་གཏོང་ཐབས་གནང་སྟེ་བོད་བརྒྱུད་ནང་བསྟན་གྱིས་གཙོས་བོད་ཀྱི་ཐུན་མིན་རིག་གཞུང་སྲུང་
སྐྱོབ་གནང་རྒྱུའི་ཐད་མཉམ་རུབ་ཐོག་ནས་ལས་འགུལ་ཇི་ལྟར་སྤེལ་དགོས་མིན་ཐོག་གོ་བསྡུར་གནང་འདུག