ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༢༡ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༡༧ ནས་ ༢༠ བར་ཉིན་གྲངས་བཞིའི་རིང་རྡ་ས་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་གོ་སྒྲིག་འོག་རྒྱ་བལ་འབྲུག་གསུམ་གྱི་བཙན་བྱོལ་བོད་མིའི་ས་གནས་འགོ་འཛིན་རྣམ་པའི་འཛིན་སྐྱོང་ཚོགས་ཆེན་ཐེངས་བཅུ་གཅིག་པ་དེ་བཞིན་ཕྱི་ཚེས་ ༢༠ ཉིན་མཇུག་བསྒྲིལ་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༥།༣༠ ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག ནང་སྲིད་དྲུང་ཚབ་འཆི་མེད་རིག་འཛིན་ལགས། དྲུང་འཕར་ཤོ་ཟུར་ཚེ་དབང་སྒྲོལ་མ་ལགས་དང་ཀརྨ་ཆོས་དབྱིངས་ལགས། འབྲེལ་ཡོད་ལས་བྱེད། དེ་བཞིན་ས་གནས་ཁག་ ༤༣ ནས་ཚོགས་བཅར་བ་ས་གནས་འགོ་འཛིན་རྣམ་པ་བཅས་ལྷན་འཛོམས་ཐོག་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་བཤད་གནང་དོན། བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་སྐུ་ཚབ་ནི་ས་གནས་འགོ་འཛིན་རྣམ་པ་ཆགས་ཡོད། དེར་བརྟེན་ས་གནས་ས་ཐོག་ཏུ་ཉིན་རེའི་གཟིགས་རྟོག་གནང་དགོས་རྒྱུ་གཙོ་བོ་ནི། མི་མང་གི་བདེ་སྡུག་གཟིགས་རྒྱུ་ཡིན། མི་མང་རྣམས་ལ་དཀའ་ངལ་གང་འཕྲད་ཀྱང་དཀའ་ངལ་དེ་དག་སེལ་མཁན་ནི་ས་གནས་འགོ་འཛིན་རྣམ་པ་ཆགས་ཡོད།
བོད་མི་ཚོའི་དཔལ་འབྱོར་དང་འཕྲོད་བསྟེན་ཐོག་གློ་བུར་དུ་དཀའ་ངལ་འཕྲད་ཚེ་དཀའ་ངལ་དེ་དག་ཇི་ལྟར་སེལ་དགོས་སྐོར་བཀའ་ཤག་ནང་བཀའ་བསྡུར་བྱུང་བ་བཞིན། ཉམ་ཐག་རྣམས་གློ་བུར་སྨན་ཁང་ལ་འགྲོ་དགོས་བྱུང་བ་ཡིན་ན། ས་གནས་འགོ་འཛིན་རྣམ་པར་འགྲོ་གྲོན་སྔ་འདོན་གཏང་རྒྱུའི་དངུལ་དགོས་ཀྱི་ཡོད་དུས་ས་གནས་ཆུང་བ་ཁག་ལ་ཛ་དྲག་མ་དངུལ་ཧིན་སྒོར་ཁྲི་ལྔ་རེ་དང་། ས་གནས་ཆེ་བ་ཁག་ལ་འབུམ་རེ་གནང་ཡོད། ས་གནས་འགོ་འཛིན་རྣམ་པས་ས་གནས་ས་ཐོག་ལ་ཕྱག་ལས་གནང་སྐབས་མཐུན་རྐྱེན་འདང་ངེས་མེད་པའི་དཀའ་ངལ་གང་ཡོད་ནའང་དབུས་ལ་ཞུ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
ས་གནས་འགོ་འཛིན་རྣམ་པས་ས་གནས་སུ་དངོས་ཡོད་དཀའ་ངལ་ཡོད་མཁན་སློབ་ཕྲུག་གཅིག་ཀྱང་མ་ལྷག་པ་དགོས་རེད། ཅེས་ངས་དུས་རྟག་ཏུ་ཞུ་གི་ཡོད། འོན་ཀྱང་ཆ་རྐྱེན་མི་ཚང་བ་རྣམས་ལ་སྒྲིག་གསལ་ལྟར་ཐོབ་ཐབས་མེད། ས་གནས་འགོ་འཛིན་ལས་ཁུངས་སུ་སློབ་ཡོན་ཞུ་མཁན་སུ་ཕེབས་པ་ཡིན་ནའང་དེ་དག་ལ་སློབ་ཡོན་ཐོབ་ཐབས་སུ་འབད་བརྩོན་གནང་རོགས། དེ་བཞིན་ང་ཚོའི་མི་ཐོག་རྒན་པ་ཚོ་ལས་རྩ་ཆེ་བ་ཞིག་མེད་པ་བསམ་བཞིན་ཡོད། ཁོང་ཚོར་གཟིགས་རྟོག་གནང་རྒྱུ་ནི་ང་ཚོའི་འགན་ཆེ་ཤོས་ཆགས་ཡོད། བོད་བཙན་བཟུང་བྱས་པ་དང་བོད་མིར་གདུག་རྩུབ་བཏང་བ་དེ་དག་ཁོང་རྣམ་པས་མཐོང་ཡོད་པ་མ་ཟད་དངོས་སུ་མྱངས་ཡོད། དེ་ནས་བཙན་བྱོལ་ལ་འབྱོར་རྗེས་ཌལ་ཧོར་དང་མ་ན་ལི་སོགས་ནང་ལམ་བཟོ་བྱས་ནས་འཚོ་བ་བསྐྱལ་ཡོད་པར་བརྟེན། དགུང་ལོ་བགྲེས་པ་ཉམ་ཐག་ཡིན་ཟེར་མཁན་དེ་འདྲ་ཡོད་ཚེ་ཆ་རྐྱེན་ཚང་གི་ཡོད་ན་རོགས་དངུལ་ཕྲན་བུ་ལས་མེད་ནའང་ཁོང་ཚོར་མཐུན་འགྱུར་གནང་ཐུབ་ཐབས་སུ་འབད་བརྩོན་གནང་རོགས་། གལ་ཏེ་དེ་ལྟར་གནང་ཐུབ་ཚེ་ཁོང་ཚོའི་སེམས་ནང་གཞུང་གིས་ང་བདག་པོ་བརྒྱབ་སོང་བསམས་པའི་ཚོར་བ་ཡོང་ངེས་རེད། དེ་ངེས་པར་དུ་གཟིགས་རོགས་གནང་།
ངོས་རང་ཆུང་དུས་ནས་ས་གནས་འགོ་འཛིན་རྣམ་པར་ཆེ་མཐོང་ཡོད་པའི་ཚོར་བ་དེ་རང་འཇགས་ཡོད། ངས་ས་གནས་འགོ་འཛིན་ནམ་སྲི་ཞུ་བ་ཚོར་མཐུན་འགྱུར་སྦྱར་རྒྱུ་དེ་གལ་ཆེན་པོར་བརྩི་བཞིན་ཡོད། རྣམ་པ་ཚོས་མཁྱེན་གསལ་རེད། ཉེ་བའི་ཆར་སྔོན་རྩིས་ཐོག་ནས་རྩ་ཕོགས་སྒང་ལ་བརྒྱ་ཆ་ལྔ་བཅུ་སྤར་རྒྱུ་དང་མཐུན་རྐྱེན་ཡག་ཏུ་གཏོང་རྒྱུ་སོགས་བྱས་ཡོད། རྣམ་པ་ཚོར་མཐུན་རྐྱེན་སྦྱར་དགོས་རིགས་ཡོད་ཚེ་གསུང་རོགས་གནང་ཞེས་ཞུ་རྒྱུ་ཡིན། དབུས་ལ་ཡོད་པའི་ལས་བྱེད་ཚོ་ལས་རྣམ་པ་ཚོར་སྐུ་ལས་ཆེ་བ་ཡོད་པ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། རྣམ་པ་ཚོས་སྐུ་ལས་ཡོད་བཞིན་དུ་ས་གནས་སུ་བཞུགས་ཏེ་ཞབས་ཕྱི་ཞུས་པ་དེར་སྔར་ལྷག་བསྔགས་བརྗོད་ཞུ་རྒྱུ་ཡིན། དེ་བཞིན་ཁ་སང་འཆར་གཞི་འགའ་ཤས་ཞུས་པ་ཡིན། དཔེར་ན། གཞིས་ཆགས་ནང་ལྷ་མོ་ཚོགས་པ་འཛུགས་རྒྱུ་དང་། དཔེ་མཛོད་ཁང་འཛུགས་རྒྱུ་། རྩེད་ཐང་བརྒྱབ་རྒྱུ། འགྲེམས་སྟོན་དང་ལྟེ་གནས་ཁང་གཅིག་ལྕོགས་འཛུགས་རྒྱུ་ལ་སོགས་ཀྱི་འཆར་གཞི་ག་ཚོད་ཡོད་ནའང་སྔོན་རྩིས་ནང་ཞུས་ཆོག་གི་རེད། འོན་ཀྱང་སྡེབ་གཅིག་ལ་ཚང་མ་ཞུས་པ་ལས་དོན་དངོས་ཐོག་ལག་བསྟར་ཐུབ་པ་རྣམས་ལ་འཆར་འབུལ་གནང་རོགས། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད།།