ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༡༤ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༡༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཕྱི་དྲིལ་སྣར་ཐང་པར་ཁང་གི་དེང་དུས་དང་མཐུན་པའི་པར་འདེབས་འཕྲུལ་འཁོར་ DELTA – 664 Printer གསར་པ་དབུ་འབྱེད་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། དྲིལ་བསྒྲགས་དྲུང་ཆེ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ངེས་སྟོན་པ་ཐུབ་བསྟན་བསམ་འཕེལ་ལགས། ཕྱི་དྲིལ་འཛིན་སྐྱོང་འགན་འཛིན་འཇིགས་མེད་རྣམ་རྒྱལ་ལགས། དྲུང་འཕར་ཚེ་རིང་དབྱངས་སྐྱིད་ལགས་དང་འཆི་མེད་ཚེ་དབྱངས་ལགས། ཕྱི་དྲིལ་ལས་ཁུངས་ཀྱི་ཚན་པ་ཁག་གི་འགན་འཛིན། སྣར་ཐང་པར་ཁང་གི་ལས་བྱེད་བཅས་ཚང་འཛོམས་ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དར་ཚོན་སྣ་ལྔ་གཅོད་འབྲེག་དང་སྦྲགས་སྣང་གསལ་ཞལ་ཕྱེ་གནང་སྟེ་པར་འདེབས་འཕྲུལ་འཁོར་གསར་པ་དབུ་འབྱེད་གནང་གྲུབ་མཚམས་གསུང་བཤད་གནང་དོན། པར་སྐྲུན་ཆེད་འཕྲུལ་ཆས་གསར་པ་འདི་ཚོན་ཁྲ་བཞི་སྡེབ་གཅིག་ལ་པར་སྐྲུན་བྱེད་ཀྱི་ཡོད།
དེ་བཞིན་ཆུ་ཚོད་གཅིག་ནང་དཔེ་དེབ་སོགས་ཉུང་མཐའ་སྟོང་ཕྲག་ལྔ་དང་མང་མཐའ་སྟོང་ཕྲག་བརྒྱད་པར་སྐྲུན་བྱེད་ཐུབ། ཨིན་ཡིག་དུས་དེབ་ Tibetan Bulletin ཟླ་བ་གཉིས་རེའི་ནང་དེབ་གྲངས་སྟོང་ཕྲག་ལྔ་འདོན་བཞིན་ཡོད་པ་དེ་དག་ད་ཆ་ཆུ་ཚོད་གཅིག་ནང་པར་རྒྱག་ཐུབ་ཀྱི་ཡོད།
སྔོན་མ་འཕྲུལ་ཆས་རྙིང་པའི་སྐབས་སུ་དང་པོ་ཤོག་ལྷེ་གཅིག་བླུགས་རྗེས་སླར་ཡང་ཚོན་ཁྲ་གཞན་ཞིག་བླུགས་དགོས། དེ་ནས་ཤོག་ལྷེ་གཉིས་བླུགས་ཏེ་ཐེངས་བཞི་ཙམ་བཏང་ན་མ་གཏོགས་ཚོན་ཁྲ་ཐོན་ཐུབ་ཀྱི་མེད། དེར་བརྟེན་པར་དང་ཚོན་ཁྲ་ཡག་པོ་ཡོད་པའི་ཐོག་གང་ཅིའི་ཐད་སྤུས་ལེགས་དང་པར་སྐྲུན་མགྱོགས་པོ་བྱེད་ཐུབ་པའི་འཕྲུལ་ཆས་ཤིག་འདིར་སླེབས་ཡོད། བཀའ་ཤག་གིས་རེ་བར་མ་འོངས་པར་འཛིན་སྐྱོང་ནས་དཔེ་དེབ་དང་། ཚགས་ཤོག་སོགས་གང་ཞིག་པར་སྐྲུན་གནང་བ་ཡིན་ནའང་སྣར་ཐང་པར་ཁང་རང་ནས་པར་སྐྲུན་གནང་ཐུབ་པའི་རེ་བ་བྱེད་བཞིན་ཡོད་སྟབས། གསར་གཏོད་ཟེར་ནའང་རེད། ཡར་རྒྱས་ལ་ཚད་མེད་སྟབས། སྣར་ཐང་པར་ཁང་དུ་འཕྲུལ་ཆས་འདི་བརྒྱུད་ཕྱི་དྲིལ་ལས་ཁུངས་བསྐྱར་དུ་ཡར་རྒྱས་ཕྱིན་པའི་རྣམ་པ་དང་འབད་བརྩོན་ཡིན།
འཕྲུལ་ཆས་འདི་ལ་ཧིར་སྒོར་འབུམ་བརྒྱ་དང་སུམ་ཅུ་འགྲོ་གྲོན་གཏང་རྒྱུ་རྩིས་བརྒྱབ་པ་རེད། འཕྲུས་ཆས་ལ་འབུམ་བརྒྱ་ལྷག་དང་། གློག་རྒྱུན་བརྟན་པོ་བཟོ་བྱེད་ཀྱི་འཕྲུལ་ཆས་ Stabilizer སོགས་འཕྲུལ་ཆས་གཞན་པ་འགའ་ཤས་ཉོ་དགོས་སྟབས་སྔོན་རྩིས་ནས་བཀའ་འཁྲོལ་ཡོད་པ་དེ་དག་གཅིག་ཀྱང་ལྷག་ས་མ་རེད་དྲན་གྱི་འདུག འོན་ཀྱང་སྔར་ལས་ལྷག་པ་ཚགས་ཚུད་དང་། ཕྱག་ལས་གནང་རྒྱུར་སྟབས་བདེ་བ་ཡོང་ངེས་རེད། དེར་བརྟེན་སྣར་ཐང་པར་ཁང་ལས་བྱེད་དང་། ཕྱི་དྲིལ་ལས་ཁུངས་ཀྱི་ལས་བྱེད་བཅས་ལ་ད་རེས་འཕྲུལ་ཆས་འདི་སླེབས་པར་བརྟེན། མ་འོངས་པར་པར་སྐྲུན་བྱ་རྒྱུར་གང་ཙམ་ཡར་རྒྱས་འགྲོ་བའི་རེ་བ་དང་ཚང་མར་བསྔགས་བརྗོད་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་ཡོད་པ་བཅས།།