༢༠༡༦ ཟླ་ ༡༠ ཚེས་ ༡༤ རེས་གཟའ་པ་སངས།
༄༅། །ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༡༤ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༡༣ ཉིན་ཐེ་ཝན་ཐེ་ནན་གྲོང་ཁྱེར་སྤྱི་ཁྱབ་པ་སྐུ་ཞབས་ལའི་ཆིང་ཏཱེ་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་འདི་ལོ་ཐེ་ཝན་ལྷོ་ཕྱོགས་ཐེ་ནན་གྲོང་ཁྱེར་དུ་ས་ཡོམ་གྱི་གནོད་འཚེ་ཚབས་ཆེ་བྱུང་སྐབས་ཨ་སྒོར་ཁྲི་ལྔ་གསོལ་སྩལ་གནང་བར་ཐུགས་རྗེ་ཆེ་ཞུ་བར་ཆེད་དུ་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དུ་ཕེབས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༦ པའི་ཐོག་ལས་བྱེད་བསོད་ནམས་རྡོ་རྗེ་ལགས་ནས་ལས་ཁུངས་ཀྱི་ཕྱི་སྒོར་ཕེབས་བསུ་ཞུས་ཏེ་དོན་གཅོད་ལས་ཁུངས་ཀྱི་མཆོད་ཁང་དུ་གདན་འདྲེན་ཞུས། དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་དཀར་གཙང་མཇལ་དར་སྒྲོན་པ་དང་སྦྲགས། དོན་གཅོད་ལས་ཁུངས་ངོ་སྤྲོད་ཀྱི་བརྙན་པར་ Power Point ཐོག་བོད་ཀྱི་གནས་བབ་དང། བོད་ས་ཤོར་ནས་བཙན་བྱོལ་དུ་ཡོང་བའི་ལོ་རྒྱུས་རྒྱབ་ལྗོངས། ༸གོང་ས་མཆོག་ཐེ་ཝན་ནང་ཆིབས་བསྒྱུར། ཐེ་ཝན་དོན་གཅོད་ལས་ཁུངས་ཀྱི་ངོ་བོ་དང་ལས་དོན། ཐེ་ཝན་ནང་བོད་དོན་ལས་འགུལ། ཐེ་ཝན་གཞུང་མང་གཉིས་ནས་བོད་མིར་རྒྱབ་སྐྱོར།
ལྷག་དོན་ད་ལྟའི་ཆར་ལག་དེབ་སྔོན་པོ་སྟེ་ཕྱི་རྒྱལ་མི་རིགས་ཀྱིས་བོད་དོན་དྭང་བླངས་ཞལ་འདེབས་འབུལ་མཁན་མང་ཤོས་དེ་ཐེ་ཝན་ཡུལ་གྲུ་ཆགས་ཡོད་སྐོར་སོགས་ངོ་སྤྲོད་སྙིང་བསྡུས་གནང་རྗེས། ཐེ་ཝན་དོན་ཁང་ནས་པར་སྐྲུན་གནང་བའི་༸གོང་ས་མཆོག་གི་བཀའ་སློབ་དེབ་ཕྲེང་གྲངས་ ༡༤ དང་། ཟླ་གསུམ་དུས་དེབ་ཀུན་གསལ་འོད་སྣང་ཁྱོན་དེབ་ཕྲེང་༢༤ དེ་བཞིན་གངས་ལྗོངས་དཔེ་སྐྲུན་ཁང་ནས་པར་སྐྲུན་གནང་བའི་བོད་དོན་སྐོར་གྱི་དེབ་ཕྲེང་ ༢༤ གཞན་ཡང་༸གོང་ས་མཆོག་གི་བཀའ་སློབ་འོད་སྡེར་སོགས་འདོན་སྤེལ་ཟིན་པ་ཁག་བཤམས་ནས་ངོ་སྤྲོད་གནང་གྲུབ་བསྟུན། སྐུ་མགྲོན་རྣམས་སྐུ་ཚབ་དོན་གཅོད་ཀྱི་ཡིག་ཚང་ནང་ཕེབས་ཏེ་ཕན་ཚུན་བཀའ་བསྡུར་ལྷུག་པོ་གནང་། སྐུ་ཞབས་ལའི་ཆིང་ཏཱེ་ལགས་ཀྱིས་༸གོང་ས་མཆོག་ལ་གུས་ཞབས་ཡོད་པ་དང་། བོད་མི་ལ་གདུང་སེམས་མཉམ་སྐྱེ་ཡོད་པ། ཐེ་ནན་གྲོང་ཁྱེར་དུ་བོད་དོན་སྐོར་ལས་འགུལ་སྤེལ་དགོས་རིགས་ཡོད་ཚེ་མཐུན་འགྱུར་གང་འོས་གནང་རྒྱུ་སོགས་གསུངས། དོན་གཅོད་ལས་ཁུངས་ཀྱི་སློབ་སྟོན་པ་ལྕམ་གྲན་མིང་རུའུ་ལགས་དང་། འགན་འཛིན་ལྷན་ཚོགས་ཚོགས་མི་ལྕམ་ཧོང་རུད་རའོ་ལགས་ཀྱིས་༸གོང་ས་མཆོག་གི་མཛད་འཕྲིན་དང་། བོད་ཀྱི་ནང་ཆོས་ཀྱིས་ཐེ་ཝན་མི་མང་དང་འགྲོ་བ་མིའི་རིགས་ལ་ཕན་ཡོན་ཆེན་པོ་ཡོད་སྐོར་སོགས་ངོ་སྤྲོད་གནང་།
སྐབས་དེར་ཐེ་པེ་གྲོང་ཁྱེར་གྲོས་ཚོགས་འཐུས་མི་ལྕམ་ཞུའི་ཧྲུའུ་ཧྭ་ལགས་མཉམ་དུ་ཕེབས་ཡོད་པ་དང་། ཐེངས་འདིའི་མཇལ་འཕྲད་དུས་ཡུན་ཆུ་ཚོད་གཅིག་དང་། ཐེ་ཝན་གྱི་བརྙན་འཕྲིན་དང་ཚགས་ཤོག་ཆེ་ཁག་གི་གསར་འགོད་པས་དོ་སྣང་ཆེན་པོ་གནང་སྟེ་གསར་འགྱུར་འགོད་སྤེལ་གནང་ཡོད་པ་བཅས།།