༢༠༡༦ ཟླ་ ༡༠ ཚེས་ ༢༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༢༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨི་ཊ་ལིའི་གྲོང་ཁྱེར་མི་ལན་གྱི་གཙུག་ལག་སློབ་གྲྭའི་ University of Milan-Bicocca ནང་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ནས་དགེ་ལས་སློབ་མ་གྲངས་ ༢༤༠༠ བརྒལ་བར་བཀའ་སློབ་སྩལ། དེ་ཡང་སྐབས་དེར་ཐོག་མར་མི་ལན་གྲོང་སྡེ་ལས་ཁུངས་ཀྱི་ཚོགས་གཙོ་སྐུ་ཞབས་ལམ་བྷེར་ཏོ་བྷར་ཏོལ་ལེ་ Lamberto Bertolè མཆོག་གིས་༸གོང་ས་མཆོག་ལ་མི་ལན་གྲོང་ཁྱེར་གྱི་མི་སེར་ཕྱག་འཁྱེར་ Citizenship of the City of Milan འབུལ་ལམ་ཞུས་པར་མགོན་པོ་གང་ཉིད་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོས་བཀའ་སློབ་སྩལ་དོན། ངོས་རང་འདིར་བཅར་ནས་ཁྱེད་རྣམས་དང་ལྷག་པར་གཞོན་སྐྱེས་ཚོ་དང་ཐུག་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་པོ་བྱུང་།
ངོས་རང་དུས་རབས་ ༢༠ མི་ཞིག་ཡིན། ང་ཚོའི་དུས་རབས་དེ་རྫོགས་ཟིན། ད་ཆ་ཁྱེད་དུས་རབས་ ༢༡ མི་རབས་ཚོས་འཛམ་གླིང་ཇེ་བཟང་དུ་གཏོང་རྒྱུའི་གོ་སྐབས་དང་ལས་འགན་གཉིས་ཀར་ཡོད། ཅེས་༸གོང་ས་མཆོག་གིས་སྐབས་དེར་འགྲོ་བ་མིའི་བཟང་སྤྱོད་དང་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་གནང་མཛད་རྒྱུ་དང་བོད་བརྒྱུད་ནང་བསྟན་འཛིན་སྐྱོང་སྤེལ་གསུམ་མཛད་རྒྱུ་བཅས་མཛད་ཁུར་གཙོ་བོ་གསུམ་གྱི་སྐོར་བཀའ་སློབ་སྩལ་རྗེས་ཚོགས་བཅར་བའི་དྲི་བར་བཀའ་ལན་མཛད། ཕྱི་ཚེས་ ༢༡ ཉིན་༸གོང་ས་མཆོག་གིས་མི་ལན་གྲོང་ཁྱེར་གྱི་རོ་ཕེ་རའི་ Rho Fiera ཚོགས་ཁང་ཆེན་མོའི་ནང་རྗེ་ཙོང་ཁ་པ་བློ་བཟང་གྲགས་པས་མཛད་པའི་ལམ་གཙོ་རྣམ་གསུམ་དང་རྟེན་འབྲེལ་བསྟོད་པའི་ཆོས་འབྲེལ་མཛད།།