༢༠༡༦ ཟླ་ ༡༠ ཚེས་ ༡༨ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༡༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སུ་ལོ་ཝ་ཀི་ཡའི་ Slovakia རྒྱལ་ས་བྷར་ཏི་སི་ལ་ཝའི་ Bratislava ནང་རྟེན་གཞི་བྱས་པའི་ཀོ་མི་ན་སི་ Comenius University མཐོ་སློབ་ཀྱི་དགེ་ལས་སློབ་མ་རྣམས་ལ་བཀའ་སློབ་སྩལ་རྗེས་སུ་ལོ་ཝ་ཀི་ཡའི་སྲིད་འཛིན་སྐུ་ཞབས་ཨན་དེ་རེ་ཇི་ཀི་སི་ཀ་ Andrej Kiska མཆོག་དང་མཇལ་འཕྲད་མཛད་ཡོད། དེ་ཡང་ཡུལ་དེའི་རྒྱལ་ས་བྷར་ཏི་སི་ལ་ཝའི་ནང་རྟེན་གཞི་བྱས་པའི་ཨེལ་ཊི་ཊུ་ཌི་གསོལ་མགྲོན་ཁང་ Altitude Restaurant དུ་སྲིད་འཛིན་མཆོག་ཆེད་ཕེབས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་འདུག སྐབས་དེར་དབུ་ཁྲིད་རྣམ་གཉིས་ཐུགས་དགྱེས་ཚོར་ཆེན་པོས་ཕན་ཚུན་འཚམས་འདྲི་མཛད་པ་མ་ཟད། ཉིན་གུང་ལྗགས་སྨིན་ལྷན་བཞེས་མཛད་འདུག མཇལ་འཕྲད་ལེགས་པར་གྲུབ་བསྟུན་ཕྱེད་ཡོལ་༸གོང་ས་མཆོག་གིས་རྒྱལ་ཡོངས་རྩེད་ཐང་ཆེན་མོར་ National Tennis Centre མི་གྲངས་ ༤༠༠༠ བརྒལ་བར་བཀའ་སློབ་སྩལ།
དེ་ཡང་མགོན་པོ་གང་ཉིད་མཆོག་ཚོགས་ཁང་དུ་༸ཞབས་སོར་འཁོད་གྲུབ་མཚམས། ཡུལ་དེའི་སྲིད་འཛིན་མཆོག་གི་སློབ་སྟོན་པ་སྐུ་ཞབས་མར་ཊིན་བྷུ་ཏོ་ར་ Martin Butora མཆོག་གིས་སྡིངས་ཆའི་སྟེང་ཚོགས་བཅར་བ་ཡོངས་ལ་༸གོང་ས་མཆོག་ངོ་སྤྲོད་གནང་དོན། དེ་རིང་ང་ལ་ཡིན་མི་སྲིད་པའི་ལས་ཀ་ཞིག་བྱེད་དགོས་པའི་བཀའ་ཕེབས་བྱུང་། ལས་ཀ་དེ་ནི་༸གོང་ས་ཏཱ་ལའི་བླ་མ་མཆོག་ངོ་སྤྲོད་ཞུ་རྒྱུ་འདི་རེད། ཁོང་ལྟ་བུར་མཚོན་ན་ངོ་སྤྲོད་ཞུ་དགོས་པ་རྩ་བ་ནས་མེད། ཅེས་གསུང་སྐབས་ཚོགས་ཁང་ནང་དགའ་སྤྲོའི་ཐལ་མོ་ཤུགས་ཆེ་བརྡབ། ཐལ་སྒྲ་རིམ་བཞིན་ཡལ་མཚམས་༸གོང་ས་མཆོག་གིས་ཚོགས་བཅར་བ་རྣམས་ལ་སོ་སོའི་ཞབས་སྟེགས་སྟེང་བཞུགས་དགོས་པ་ཕྱག་བརྡ་མཛད་ནས་བཀའ་སློབ་སྩལ། སྐབས་དེར་༸གོང་ས་མཆོག་གིས་ཐོག་མར་འགྲོ་བ་མིའི་ནང་གཤིས་རྒྱུད་དང་འབྲེལ་བའི་བྱམས་བརྩེ་དང་བཟོད་བསྲན། ཆོག་ཤེས། བག་ཡོད་བསྟེན་ཚུལ་སྐོར་བཀའ་སློབ་སྩལ་རྗེས་མགོན་པོ་གང་ཉིད་མཆོག་ནང་པའི་དགེ་སློང་ཞིག་ཡིན་པའི་ངོས་ནས་ཆོས་ལུགས་ཕན་ཚུན་དབར་འཆམ་མཐུན་གོང་སྤེལ་གཏོང་ཐབས་མཛད་བཞིན་ཡོད་སྐོར་དང་། དེ་ནས་བོད་མི་ཞིག་ཡིན་པའི་ཆ་ནས་བོད་བརྒྱུད་ནང་བསྟན་འཛིན་སྐྱོང་སྤེལ་གསུམ་ཐོག་ཐུགས་ཁུར་ཇི་ཙམ་མཛད་བཞིན་ཡོད་སྐོར་བཀའ་སློབ་སྩལ་བསྟུན། མང་ཚོགས་ཀྱི་དྲི་བར་བཀའ་ལན་སྩལ།
སྐབས་དེར་ཚོགས་བཅར་བ་ཞིག་གིས་ཆབ་སྲིད་མི་སྣ་ཚོས་ཆབ་སྲིད་ཀྱི་ལས་དོན་ཐོག་བྱམས་བརྩེའི་ཉམས་ལེན་ཇི་ལྟར་སྤེལ་ཐུབ་པའི་སྐོར་གྱི་དྲི་བར་༸གོང་ས་མཆོག་གིས་བཀའ་ལན་སྩལ་དོན། ད་ལྟ་སྔོན་ཙམ་ལ་ངོས་ཀྱིས་ཁྱེད་ཚོའི་སྲིད་འཛིན་ཕུལ་དུ་བྱུང་བ་ཁོང་དང་ལྷན་ཞལ་ལག་སྐབས་ཆབ་སྲིད་དེ་ལམ་ནོར་བ་ཞིག་གི་ཐོག་ནས་ཚུལ་མིན་བྱ་སྤྱོད་ཀྱི་ངོ་བོར་ཇི་ལྟར་འགྱུར་བཞིན་ཡོད་སྐོར་བཀའ་མོལ་བྱུང་། སྐབས་དེར་སྲིད་འཛིན་རང་ཉིད་དོན་དམ་མང་ཚོགས་ཀྱི་བདེ་སྡུག་ཆེད་ཞབས་ཞུ་བསྒྲུབ་འདོད་ཡོད་སྐོར་གསུངས་བྱུང་། ངོས་དང་སྲིད་འཛིན་མཆོག་དབར་བསམ་ཚུལ་མཐུན་པའི་ཆ་མང་པོ་འདུག གཞན་ཡང་སྐབས་དེར་ངོས་གཉིས་དབར་དེང་དུས་ཤེས་ཡོན་ལམ་ལུགས་ནང་ཕྱི་དངོས་པོའི་འཛུགས་སྐྲུན་ཡར་རྒྱས་ཇི་ལྟར་གཏོང་དགོས་མིན་ཐད་གཙོ་བོར་འཛིན་བཞིན་ཡོད་པ་ལས་ནང་གི་བསམ་བློ་དང་འབྲེལ་བའི་ཡ་རབས་བཟང་སྤྱོད་སོགས་རིན་ཐང་དེ་དག་སྣང་མེད་དུ་གཏོང་བཞིན་ཡོད་པར་བརྟེན། ད་ཆ་ང་ཚོས་ཤེས་ཡོན་ལམ་ལུགས་ཏོག་ཙམ་རྒྱ་ཆེ་རུ་བཏང་ནས་སློབ་ཚན་ནང་ཕྱི་དངོས་པོ་ཙམ་མིན་པར་ནང་གཤིས་རྒྱུད་དང་འབྲེལ་བའི་རིན་ཐང་གོང་མཐོར་གཏོང་ཐབས་ཆེད་འབད་བརྩོན་གནང་དགོས་སྐོར་སྲིད་འཛིན་མཆོག་ལ་ཞུ་རྒྱུ་བྱུང་། ཞེས་བཀའ་ལན་སྩལ།
དེ་རྗེས་༸གོང་ས་མཆོག་གིས་བཞུགས་གནས་གསོལ་མགྲོན་ཁང་དུ་ཨོ་སི་ཊི་རི་ཡ་ Austria ནས་ཕེབས་པའི་བོད་མི་ ༢༤༠ ཙམ་ལ་མཇལ་ཁ་དང་བཀའ་སློབ་སྩལ་སྐབས་བཙན་བྱོལ་བོད་མི་ཞིག་ཡིན་པའི་ངོས་ནས་གཞིས་བཞུགས་བོད་མི་ས་ཡ་དྲུག་གི་ངོ་ཚབ་མཚོན་ཐུབ་པ་ཞིག་བྱེད་དགོས་པ་དང་། སྒྲོལ་མ་ཉེར་གཅིག་གི་ཁ་འདོན་འདོན་ཐུབ་ཙམ་མིན་པར་ནང་ཆོས་ལ་སློབ་གཉེར་བྱས་པ་བརྒྱུད་དུས་རབས་ ༢༡ ནང་པ་ཞིག་བྱེད་དགོས་པ། ནང་ཆོས་ལ་སློབ་སྦྱོང་བྱེད་དེ་བློའི་རྣམ་གཞག་དང་སེམས་ཚོར་གྱི་རིགས་མི་འདྲ་བ་དེ་དག་གི་བྱེད་ལས་སོགས་ཀྱི་སྐོར་ཤེས་རྟོགས་ཐུབ་དགོས་པ། ལྷག་པར་བོད་མི་ཚོས་ཕྱི་རྒྱལ་དུ་འཚར་ལོངས་བྱས་པའི་རང་གི་ཕྲུ་གུ་རྣམས་ལ་ཕ་མའི་ངོས་ནས་བོད་སྐད་རྒྱག་ཐུབ་པ་ཞིག་དང་བོད་པའི་རིག་གཞུང་ངོ་སྤྲོད་བྱེད་དགོས་སྐོར། དེང་སྐབས་རྒྱ་ནག་ནང་དུ་མཚོན་ན་རྒྱ་མི་རིགས་ནང་ཆོས་བྱེད་མཁན་ས་ཡ་ ༤༠༠ ཡོད་པ་ཚོད་དཔག་བྱེད་བཞིན་ཡོད་པ་དང་། ཁོང་ཚོའི་ཁྲོད་མང་པོ་ཞིག་གིས་བོད་བརྒྱུད་ནང་བསྟན་གལ་ཆེར་ངོས་འཛིན་བྱེད་བཞིན་ཡོད་པ་མ་ཟད། ད་ཆ་རྒྱ་རིགས་དེ་དག་བོད་བརྒྱུད་ནང་ཆོས་ཐོག་སློབ་སྦྱོང་གཏིང་ཟབ་བྱ་རྒྱུར་འབད་བརྩོན་བྱེད་བཞིན་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་བ་དང་སྦྲགས། མགོན་པོ་གང་ཉིད་མཆོག་གིས་འཆར་ལོའི་ནང་རྒྱ་ནག་ནང་དུ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་ ༡༩ 19th National Congress of the Communist Party of China རྒྱལ་ས་པེ་ཅིང་ Beijing དུ་འཚོགས་རྒྱུ་ཡིན་སྟབས། ཐེངས་འདིར་རྒྱལ་ཡོངས་ཚོགས་ཆེན་སྐབས་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་འགྲོ་རྒྱུའི་ཐུགས་རེ་མཛད་བཞིན་ཡོད་སྐོར་བཀའ་སློབ་སྩལ། ཕྱི་ཚེས་ ༡༨ ཉིན་༸གོང་ས་མཆོག་ཁུལ་དེ་ནས་ཅེག་སྤྱི་མཐུན་རྒྱལ་ཁབ་ Czech Republic ཀྱི་རྒྱལ་ས་པ་རག་ Prague ནང་དུ་ཆིབས་སྒྱུར་བསྐྱངས་ཡོད་པ་བཅས།།