ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༡༣ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༡༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་ཏི་ཝི་ཡའི་ཡུལ་དུ་མཛད་འཕྲིན་གྱི་ཉིན་མཐའ་མར་ཨུ་རུ་སུའི་ཤེས་ལྡན་མི་སྣ་ཁག་གཅིག་དང་ལྷན་བགྲོ་གླེང་མཛད་སྐབས་བཀའ་སློབ་སྩལ་དོན། ངོས་རང་དུས་རྟག་ཏུ་ནང་ཚགས་རང་བྱས་ནས་སྐད་ཆ་ཤོད་རྒྱུར་དགའ་པོ་ཡོད། དེ་འདྲ་བྱེད་ཚེ་རང་གིས་གང་བསམས་པ་དེ་དག་རང་དབང་ཐོག་ནས་བརྗོད་ཐུབ། ཅེས་བགྲོ་གླེང་དབུ་འཛུགས་མཛད་སྐབས་ཤེས་ལྡན་པ་ཞིག་གིས་སྐབས་དེར་༸གོང་ས་མཆོག་རང་ཡུལ་བཞག་ནས་བཙན་བྱོལ་དུ་ཆིབས་སྒྱུར་བསྐྱངས་གནང་མཛད་དགོས་དོན་གང་ཡིན་སྐོར་གྱི་དྲི་བར་བཀའ་ལན་སྩལ་དོན། ལོ་རྒྱུས་ཐོག་ནས་བལྟ་སྐབས་སྲིད་གཞུང་གི་འགོ་ཁྲིད་ཁྲོད་ཁ་ཤས་གུ་ཡངས་ཡོད་པ་དང་ཁ་ཤས་ཕྲན་བུ་མཁྲེགས་བཟུང་བྱེད་མཁན་སོགས་འདྲ་མིན་ཡོད། འོན་ཀྱང་ང་ཚོས་ཤེས་དགོས་པའི་གནད་དོན་དེ་བས་གལ་ཆེ་བ་ཞིག་ནི། སྲིད་གཞུང་གང་འདྲ་ཞིག་བསླེབས་རུང་དེར་དུས་ནས་དུས་སུ་འགྱུར་བ་འགྲོ་རྒྱུ་ཡིན་པ་ལས་སྲིད་གཞུང་བྱེ་བྲག་པ་ཞིག་འགྱུར་བ་རྩ་བ་ནས་མེད་པར་དུས་རྟག་ཏུ་རང་འཇགས་ངང་གནས་རྒྱུ་ཟེར་བ་དེ་འདྲ་ཡོང་མི་སྲིད། རང་དབང་འདོད་པ་ནི་ང་ཚོ་མིའི་རང་བཞིན་ལྷན་སྐྱེས་ཤིག་རེད། ང་ཚོར་ཆ་མཚོན་ན་གཞིས་བཞུགས་བོད་མི་ཚོས་བོད་ནང་དུ་རང་གི་ཆོས་དང་རིག་གཞུང་། སྐད་ཡིག་སྲུང་སྐྱོབ་ཆེད་འབད་བརྩོན་ཤུགས་ཆེ་བྱས་པ་དང་སྦྲགས། བོད་མི་ཁག་གཅིག་བཙན་བྱོལ་དུ་ཡོང་ནས་རང་དབང་གི་གོ་སྐབས་བཟུང་ནས་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་བཞིན་ཡོད། འགྲོ་བ་མིའི་རིགས་ཡོངས་རྫོགས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་རེད། ང་ཚོ་སྐྱེས་ལུགས་དང་འཆི་ལུགས་གཅིག་པ་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ། གཞན་ཡང་སྐབས་དེར་ཀླད་རྩའི་ཚན་རིག་པ་ཞིག་གི་ཤེས་པ་ཡོང་ས་གང་ནས་ཡིན་སྐོར་ཐད་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་དབང་ཤེས་རྣམས་གཙོ་བོ་ཀླད་པར་མཐའ་གཅིག་ཏུ་བརྟེན་དགོས་པ་མ་ཟད། ཡིད་བློའི་ཆ་ཤས་འགའ་ཤས་ཀྱང་ཀླད་པར་བརྟེན་ཡོད་སྐོར་བཀའ་ལན་མཛད།
དེ་རྗེས་བགྲོ་གླེང་མུ་མཐུད་གནང་སྐབས་༸གོང་ས་མཆོག་གིས་དེ་སྔ་སྐབས་ཤིག་ཨེ་རིག་ཧོ་ནེ་ཀར་ Erich Honecker ལགས་ཀྱིས་འབར་ལིན་གྱང་དེ་ལོ་ངོ་བརྒྱའི་རིང་གནས་ཐུབ་རྒྱུ་ཡིན་སྐོར་གསུངས་ཀྱང་། དེ་རྗེས་ཁོང་གིས་བཀའ་མོལ་དེ་གསུངས་ནས་བདུན་ཕྲག་གཅིག་ལས་མ་འགོར་བར་འབར་ལིན་གྱང་དེ་འགྱེལ་ཡོད་ཚུལ་དང་། ཕྱོགས་མཚུངས་རྒྱ་ནག་ནང་དུ་མཚོན་ནའང་འདས་པའི་མི་ལོ་ ༤༠།༥༠ རིང་འགྱུར་བ་ཧ་ཅང་ཕྱིན་ཡོད་སྐོར་དང་། དེང་སྐབས་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་དང་པེ་ཅིང་ནང་ཇ་ཁང་དང་ཚོང་ཁང་དེ་འདྲའི་ནང་སྐད་ཆ་ཤོད་སྐབས་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོར་སྐྱོན་བརྗོད་བྱེད་བཞིན་ཡོད། དེ་སྔ་ཡིན་ན་དེ་འདྲ་རྩ་བ་ནས་མི་ཆོག འོན་ཀྱང་བོད་ནང་དུ་མཚོན་ན་རྒྱ་ནག་གཞུང་གིས་དམ་བསྒྲགས་ཧ་ཅང་བྱེད་བཞིན་ཡོད། ཅེས་བཀའ་ལན་སྩལ་སྐབས་ཤེས་ལྡན་མི་སྣ་ཁག་གཅིག་གིས་དེང་སྐབས་རྒྱ་ནག་སྐམ་ས་ཆེན་པོའི་ནང་དུ་རང་དབང་ཆེན་པོ་ཡོད་པ་མཐོང་སྐབས་ཧང་སང་དགོས་པ་བྱུང་སྐོར་སྙན་སྒྲོན་ཞུས་འདུག
༸གོང་ས་མཆོག་གིས་སྐབས་དེར་དེ་སྔ་ཨུ་རུ་སིའི་སྲིད་འཛིན་གོར་བྷ་ཅེབ་མཆོག་དང་ཡེལ་སིན་སྐབས་ཡུ་རོབ་ལ་གོ་སྐབས་ཤིག་བྱུང་ཡོད་ཀྱང་གོ་སྐབས་དམ་འཛིན་མ་ཐུབ་པ་རེད། ཅེས་བཀའ་སྩལ་བ་དང་ལྷན་མགོན་པོ་གང་ཉིད་མཆོག་གིས་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ལ་བསྔགས་བརྗོད་དང་རྗེས་སུ་ཡི་རང་མཛད་བཞིན་ཡོད་པ་དང་། རྒྱལ་ཁབ་གཞན་ཚོས་མིག་དཔེ་ལྟ་དགོས་པའི་ལམ་སྟོན་ཡང་མཛད་པ་དང་ཆབས་ཅིག་མུ་མཐུད་བཀའ་སློབ་སྩལ་དོན། གནས་ཚུལ་ངོ་མ་གང་ཡིན་མང་ཚོགས་ཀྱིས་མ་ཤེས་ན། འགོ་ཁྲིད་ཁག་གཅིག་གིས་དབང་ཆ་བེད་ལོག་བྱེད་སྲིད། རྒྱ་ནག་ཡུལ་སྐོར་སྤྲོ་འཆམ་པ་ཁག་གཅིག་རྒྱ་གར་དུ་ཡོང་སྐབས་བོད་པ་ཚོས་ཁོང་ཚོར་སྡང་པོ་ཧ་ཅང་བྱ་རྒྱུ་རེད། བསམས་པའི་དོགས་པ་རྣམ་རྟོག་བྱེད་བཞིན་ཡོད། འོན་ཀྱང་ཕྱིས་སུ་ཁོང་ཚོས་བོད་མི་རྣམས་སྣང་བ་སྐྱིད་པོ་དང་། གྲོགས་འདྲིས་སླ་བ། མི་ཚེ་སྟབས་བདེའི་ངང་སྐྱེལ་མཁན་ཞིག་ཡིན་པ་ཤེས་ཀྱི་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་སུད་སིར་ཆིབས་ཞལ་བསྒྱུར་ཡོད་པ་བཅས།།